ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ནམ་གུང་ནས་ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་བར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་ལྔ་པ་ཀྲའོ་ཆེ་གེ་མོ་དང་། དྲུག་པ་ཧྲན་ཆེ་གེ་མོ། བདུན་པ་ལིས་ཆེ་གེ་མོ། བརྒྱད་པ་ལུའུ་ཆེ་གེ་མོ། དགུ་པ་ལིའུ་ཆེ་གེ་མོ། བཅུ་པ་ཝང་ཆེ་གེ་མོ་ཚང་མ་ས་གནས་རང་ནས་ནད་བརྟག་ངོས་འཛིན་བྱས་པའི་ནད་པ་བཞི་པ་ཁྲིན་ཆེ་གེ་མོ་དང་འབྲེལ་འདྲིས་དམ་ཟབ་ཡོད་པ་ཏག་ཏག་ཡིན་པ་དང་། གཅིག་བསྡུས་ལོགས་བཀར་བྱེད་སྐབས་ཉིན་རེ་རེའི་ཉིང་སྐྱུར་བཤེར་འཇལ་ཁྲོད་དུ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པར་ཤེས་པ་རེད།
གོང་གི་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པའི་མི་དེ་དག་དུས་ཐོག་ཏུ་གཅིག་བསྡུས་ལོགས་བཀར་བྱེད་ས་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དུས་ལྟར་བྲེལ་མྱུར་བརྡ་ཁྱབ་སྤེལ་ཡོད། ད་ལྟ་ཕན་ནུས་ལྡན་པའི་སྒོ་ནས་ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་མཆེད་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཞིབ་བཤེར། འབྲེལ་འདྲིས་དམ་ཟབ་བྱེད་མཁན་དག་ལ་རྗེས་འདེད་ཚོད་འཛིན་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།