མཚོ་སྔོན་གྱི་འཕྲལ་བསྟུན་ཚན་རྩལ་གྱི་ཆེད་ལས་གྲུབ་འབྲས་ཀྱིས་རིམས་ནད་འགོག་སྡོམ་ཐད་རམ་འདེགས་བྱས།
2021.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་པའི་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོས་མཆེད་ཀྲུང་ལུགས་གསོ་རིག་ཕྱོགས་བསྡུས་འགོག་བཅོས་ཇུས་གཞི་ཞིབ་འཇུག་ཚོགས་པས་ཀྲུང་ལུགས་དུག་སེལ་སྨན་རྫས་སོགས་ཚན་རིག་ཞིབ་འཇུག་གི་ཐོན་རྫས་སྟོང་གཅིག་ལྷག་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་བསྐྱལ། ཁོ་ཚོས་ད་དུང་ཐོན་རྫས་སྐོར་ཞིག་ལས་ཏེ་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གྱི་ཡུལ་དངོས་ལས་དོན་པར་སྐྱེལ་རྒྱུ་རེད།

ཞིང་ཆེན་ཚན་རྩལ་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་རོགས་སྐྱོར་བྱས་པའི་རིམས་འགོག་ཐོན་རྫས་དག་ནི་ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཚན་རྩལ་ཐིན་གྱིས་རིམས་ནད་འགོག་སྡོམ་འཕྲལ་བསྟུན་འགག་གཏོར་ཐད་ཆེད་དུ་བླངས་པའི་གྲུབ་འབྲས་ཡིན། རྣམ་གྲངས་འདི་ལས་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཁྱད་ཆོས་ལ་དམིགས་ནས་སྨན་སྣ་བཞི་ཐོན་སྐྱེད་བྱས་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ནད་པ་ཡང་མོ་ནས་ལྕི་མོར་འགྱུར་བར་བཀག་འགོག་བྱེད་ཐུབ་ལ། དྲག་སྐྱེད་དུས་སྐབས་སུ་མིའི་ལུས་ཕུང་སླར་གསོ་འབྱུང་བར་ཡར་སྐུལ་བྱེད་ཐུབ།

རྒྱུས་ལོན་བྱུང་བ་ལྟར་ན། ཚན་རིག་ཞིབ་འཇུག་གི་ཐོན་རྫས་བཞི་པོ་དེར་ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའུ་ཡི་ཆོག་མཆན་ཡིག་ཆ་ཐོབ་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་སྨན་རྫས་ཀྱི་དཀར་ཆག་གི་སྨན་རིན་གཞུང་གིས་སྟེར་བའི་སྨན་རྫས་ཁ་པའི་རིགས་ཀྱི་གྲས་སུ་བཞག་ཡོད།