ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོ་རུ་མི་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་པའི་སྐོར་གྱི་བརྡ་ཁྱབ། (ཨང26པ)
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་སོགས་ཀྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་རིམས་ནད་འགོག་སྡོམ་གྱི་གཡུལ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོས་མཆེད་དུ་འགྲོ་བར་སྔར་ལས་ནུས་ལྡན་སྒོས་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་དངོས་སུ་སྲུང་སྐྱོབ་བྱེད་ཆེད། ཞིབ་འཇུག་བྱས་པ་བརྒྱུད་ཟི་ལིང་གྲོང་ཁྱེར་གྱིས་ཟླ11པའི་ཚེས6དང7ཉིན་ལ་གྲོང་ཁྱེར་ཡོངས་ཀྱི་མཁར་ཁུལ་གཙོ་བོའི་རྒྱུན་སྡོད་མི་གྲངས་དང་ཟི་ལིང་དུ་ཡོང་བའི་མི་སྣ་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་རྒྱུའི་ཐག་བཅད་པ་ཡིན། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།
གཅིག བཤེར་འཇལ་གྱི་གཞི་ཁྱོན།
ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཁུལ་དང་མཁར་དཀྱིལ་ཁུལ། མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ད་ལྟའི་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ། བཅའ་སྡོད་དམག་དཔུང་། རིམ་པ་གཉིས་པའི་ཡན་གྱི་སྨན་ཁང་ཕུད་པའི་སྡོད་དམངས་ཡོངས། དེའི་ནང་དུ་གནས་སྐབས་སུ་སྡོད་པའི་མི་སྣ་དང་ལས་དོན་པ། ཞོར་ལས་པ་སོགས་འདུ། དེ་ལས་ཞིང་ཆེན་གཞན་པ་ནས་ཟི་ལིང་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱིས་སྙན་སེང་ཞུས་ཏེ་བཤེར་འཇལ་དང་ལེན་བྱེད་དགོས།
གཉིས། བཤེར་འཇལ་གྱི་དུས་ཚོད།
2021ལོའི་ཟླ11པའི་ཚེས6དང7ཉིན་གྱི་དུས་ཚོད 9ནས21བར།
གསུམ། མཉམ་འཇོག་བྱ་ཡུལ།
1.ཟི་ལིང་གྲོང་ཁྱེར་གྱི་མི་ཚང་མར་ཉིང་སྐྱུར་བཤེར་འཇལ་བྱེད་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། དེའི་གནས་ཚུལ་ཞིབ་མོ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི《ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་མི་ཚང་མར་ཉིང་སྐྱུར་བཤེར་འཇལ་བྱེད་སྐབས་རླངས་འཁོར་གྲོང་ཁུལ་གཙོ་བོར་འགྲོ་བར་ཚོད་འཛིན་བྱེད་པའི་བརྡ་ཁྱབ》ལྟར་ལག་བསྟར་བྱེད་རྒྱུ་རེད།
2.ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་རིམ་པ་སོ་སོའི་སྡེ་ཁག་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། རང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚང་མ་རྩ་འཛུགས་སྐུལ་སློང་བྱས་ཏེ་བཤེར་འཇལ་བྱས་ནས། ཉིང་སྐྱུར་བཤེར་འཇལ་བྱ་བ་ཡོངས་འགྲུབ་བྱེད་པར་གཞོགས་འདེགས་བྱེད་དགོས།
3.ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་མཐོ་རིམ་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་བཟོ་བ་དང་སློབ་མས་རང་སློབ་གྲྭ་ནས་གཅིག་གྱུར་གྱིས་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། མཐོ་འབྲིང་དམའ་འབྲིང་དང་སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱི་དགེ་བཟོ་བ་དང་སློབ་མས་རང་སྡོད་ས་ནས་སྡེ་ཁུལ་གྱི་བཀོད་སྒྲིག་ལྟར་གོ་རིམ་ལྡན་པར་ཉིང་སྐྱུར་བཤེར་འཇལ་བྱེད་དགོས།
4.རྒྱ་ཆེའི་གྲོང་མིས་སྡེ་ཁུལ་གྱི་ལས་དོན་པའི་བཀོད་སྒྲིག་ལ་ཉན་ནས། རང་ཡོད་སའི་སྲང་ལམ་དང་ཡུལ་ཚོ། གྲོང་རྡལ། སྡེ་ཁུལ། སྡེ་བ་བཅས་ཀྱི་བརྡ་སྦྱོར་དང་ཁྲིད་སྟོན་ལྟར་དུས་རིམ་བགོས་ཏེ་གོ་རིམ་ལྟར་གཏན་ཁེལ་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་ས་རུ་རང་རྟོགས་ཀྱིས་ཉིང་སྐྱུར་བཤེར་འཇལ་བྱེད་པར་ཞུ། ཚང་མས་གྲོགས་པོ་དང་ཁྱིམ་མཚེས་སོགས་ཉེ་འགྲམ་གྱི་མི་རྣམས་ལ་ཉིང་སྐྱུར་བཤེར་འཇལ་གྱི་བརྡ་བརྒྱབ་སྟེ་ཚང་མར་བཤེར་འཇལ་བྱེད་དུ་འཇུག་རོགས།
5.ཉིང་སྐྱུར་བཤེར་འཇལ་མ་བྱས་གོང་པྲོག་གསར་འགོག་སྨན་བརྒྱབ་པའི་མི་སྣས་འགོག་སྨན་བརྒྱབ་རྗེས་ཀྱི་དུས་ཚོད24རྗེས་སུ་ཉིང་སྐྱུར་བཤེར་འཇལ་བྱེད་པར་ཞུ། ཚ་རྒྱས་པ་དང་གློ་ལུ་བྱེད་པ་སོགས་ལུས་ཕུང་མི་བདེ་བའི་སྣང་ཚུལ་བྱུང་ཚེ། མྱུར་དུ་ཐག་ཉེ་སའི་གཏན་ཁེལ་སྨན་ཁང་གི་ཚ་ནད་སྒོ་བསྟེན་ཁང་དུ་སོང་ནས་ནད་བརྟག་བྱེད་རྒྱུ་ལས། ཉིང་སྐྱུར་བཤེར་འཇལ་བྱེད་སར་མི་འགྲོ་བར་ཞུ། ཉིང་སྐྱུར་བཤེར་འཇལ་བྱེད་པའི་དུས་ལ་གནས་སྐབས་སུ་པྲོག་གསར་འགོག་སྨན་རྒྱག་མཚམས་འཇོག་རྒྱུ་ཡིན།
6.ཉིང་སྐྱུར་བཤེར་འཇལ་གྱི་སྐབས་སུ། ཐོབ་ཐང་ལག་ཁྱེར་བཟུང་ནས། རང་འགུལ་གྱིས་བདེ་ཐང་བཤེར་རིས་དང་འགྲུལ་བཞུད་བཤེར་རིས་སྟོན་རོགས། བཤེར་འཇལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པ་དང་། མི་གཞན་པའི་བར་དུ་སྨི1ཡན་གྱི་བར་ཐག་འཇོག་དགོས་ལ། ཁ་བརྡ་དང་འདུ་འཛོམས་མི་བྱེད་པར་ཞུ།
7.བཤེར་འཇལ་སྔོན་གྱི་དུས་ཚོད2ནང་ཟ་མ་མི་ཟ་བ་དང་། སྐར་མ30ནང་དུ་བ་མི་འཐེན་པ་དང་། ཆང་མི་འཐུང་བ། ཐང་ཆུ་མི་ལྡོད་པར་ཉིང་སྐྱུར་མཇུག་འབྲས་ལ་གནོད་པ་མེད་པར་བྱེད་རྒྱུ་གལ་ཆེ།
8.བྱིས་པ་དང་། རྒན་པ་སོགས་དམིགས་བསལ་མི་ཚོགས་ཀྱིས་ལྟ་སྲུང་པ་དང་ཡང་ན་ཁྱིམ་མིའི་འགྲོ་རོགས་འོག་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། འགྲོ་འདུག་སྟབས་མི་བདེ་བ་སོགས་ཀྱི་དབང་གིས་ཡུལ་དངོས་ནས་བཤེར་འཇལ་ལ་ཞུགས་མི་ཐུབ་པའི་རྒན་པོ་དང་དབང་བོ་སྐྱོན་ཅན་ཡོད་ཚེ། རང་ཡོད་སའི་སྡེ་ཁུལ་ལ་འབྲེལ་གཏུག་བྱས་ཏེ་ཐོ་འགོད་ལེགས་པོ་བྱས་ཆོག་པ་དང་། གཞི་རྩའི་གནས་ཚུལ་རྩད་ཆོད་རྗེས་སྨན་བཅོས་མི་སྣ་ཁྱིམ་དུ་མངགས་ནས་བཤེར་འཇལ་བྱས་ཆོག
9.ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་ལ་སྒུག་པའི་སྐབས་སུ། རྒྱ་ཆེའི་གྲོང་མི་རྣམས་རང་རྟོགས་ཀྱིས་ཁྱིམ་དུ་བསྡད་དེ། དགོས་མཁོ་མི་ཆེ་ཚེ་ཕྱི་རུ་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པར་འདུག་པར་ཞུ།
10.སྟོན་དགུན་གྱི་དུས་ཚིགས་ནི་ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་མཆེད་པའི་དུས་ཚིགས་ཡིན་པས། གྲོང་མི་གྲོགས་པོ་རྣམ་པས་ཉེ་དུས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་མཉམ་འཇོག་རྒྱུ་གལ་ཆེ་ཞིང་། ལྷག་པར་དུ་འགོག་སྨན་བརྒྱབ་པའི་མི་སྣ་དང་། ཉིང་སྐྱུར་བཤེར་འཇལ་མི་སྣ། ལས་ཡུལ་དང་པོའི་རིམས་འགོག་མི་སྣ། རྒན་པ། བྱིས་པ། སྦྲུམ་མ་སོགས་མི་ཚོགས་ཀྱིས་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱས་ཏེ། སྟོན་དགུན་དུས་ཚིགས་སུ་དབུགས་ལམ་གྱི་ནད་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
11.ཉིང་སྐྱུར་བཤེར་འཇལ་ལ་མ་ཞུགས་ན་ཁྱོད་དང་མི་གཞན་པའི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་མང་པོ་ཐེབས་སྲིད་པས། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་བཤེར་འཇལ་མི་བྱེད་པ་དང་། རིམས་ནད་འགོག་སྡོམ་ལ་གནོད་སྐྱེལ་བ། ཡང་ན་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་བཅའ་ཁྲིམས་དང་འབྲེལ་བའི་འགན་ཁུར་དགོས། རྒྱ་ཆེའི་གྲོང་མི་རྣམ་པས་གཞོགས་འདེགས་ལེགས་པོ་བྱེད་པར་བཀའ་དྲིན་ཆེ།
མཆན་བཀོད། ཐེངས་འདིའི་བཤེར་འཇལ་ལས་བཤེར་འཇལ་གྱི་མཇུག་འབྲས་མངོན་པ་མ་གཏོགས། ཉིང་སྐྱུར་བཤེར་འཇལ་གྱི་སྙན་ཞུ་མི་འདོན།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2021ལོའི་ཟླ11པའི་ཚེས5ཉིན།