རིམས་ནད་འགོག་སྡོམ་བྱ་བར་སྔར་ལས་ཤུགས་སྣོན་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བཤེར་འཇལ་ཁྲོད་"ངེས་པར་བཤེར་འཇལ"དང་"རང་མོས་བཤེར་འཇལ"བྱ་བར་སྐུལ་འདེད་བཏང་ནས་སྤྱི་པའི་འགྲིམ་འགྲུལ་གྱི་རིམས་འགོག་བྱེད་ཐབས་དང་རྒྱ་ཆེའི་ཁ་ལོ་བ་བདེ་ཐང་ངང་ཕྱིར་སྐྱོད་ཐུབ་པར་འགན་ལེན་བྱེད་ཆེད། ཉིན་འདི་དག་གི་རིང་ལ། ཐེམ་ཆེན་རྫོང་གིས་རྫོང་སྲིད་གཞུང་གི་ཤར་སྒོ་རུ་ཉིང་སྐྱུར་བཤེར་འཇལ་ཞབས་ཞུའི་ས་ཚིགས་བཙུགས་ཏེ་རྫོང་དེ་བརྒལ་མཁན་ལ་ཉིང་སྐྱུར་བཤེར་འཇལ་བྱས། གསར་འགོད་པས་ཡུལ་དངོས་སུ་མཐོང་བ་ལྟར་ན། སྨན་བཅོས་མི་སྣས་རས་གུར་ཞབས་ཞུའི་ས་ཚིགས་སུ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་ངང་ཁ་ལོ་བར་ཉིང་སྐྱུར་བཤེར་འཇལ་དང་དངོས་དཔེ་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་བརྒྱབ་པ་དང་བར་ཐག་སྨི1བཞག་སྟེ་གྲལ་བསྒྲིགས་ཏེ་རིམ་པ་བཞིན་ཚ་གྲང་ལ་བལྟ་བ་དང་བདེ་ཐང་བཤེར་རིས་བཤེར་བ། འགྲུལ་བཞུད་ཆ་འཕྲིན་ཐོ་འགོད། ཉིང་སྐྱུར་དངོས་དཔེ་འཚོལ་བསྡུ་སོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། རྒྱུས་ལོན་པ་ལྟར་ན་ཉིང་སྐྱུར་བཤེར་འཇལ་ཞབས་ཞུའི་ས་ཚིགས་དེ་ཐེམ་ཆེན་རྫོང་སྨན་བཅོས་འཕྲོད་བསྟེན་བྱ་བའི་མི་སྣ་དང་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་གྲུབ་པ་ཡིན་ལ། ད་ལྟ་ཉིང་སྐྱུར་བཤེར་འཇལ་ཞབས་ཞུའི་ས་ཚིགས་དེས་ཆུ་ཚོད24རིང་ངལ་གསོ་མེད་པར་ཉིང་སྐྱུར་བཤེར་འཇལ་བྱེད་བཞིན་ཡོད་པ་རེད། ཐེམ་ཆེན་རྫོང་སྲིད་གཞུང་ཤར་སྒོ་རུ་ཉིང་སྐྱུར་བཤེར་འཇལ་ཞབས་ཞུའི་ས་ཚིགས་བཙུགས་པ་ཡིས་ཐེམ་ཆེན་རྫོང་གི་རིམས་ནད་འགོག་སྡོམ་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་པ་དང་ས་མཚམས་བརྒལ་བའི་རླངས་འཁོར་ཁོ་ལོ་བར་ཉིང་སྐྱུར་བཤེར་འཇལ་བྱེད་པའི་དུས་ཚོད་གྲོན་ཆུང་བྱེད་པར་སྟབས་བདེ་བསྐྲུན་ཡོད་ལ། རིམས་འགོག་སྨན་བཅོས་མི་སྣའི་འགན་འཁྲི་དང་ཐོག་མའི་བསམ་འདུན་དངོས་སུ་ལག་ལེན་བྱས་པ་རེད།
འཕྲིན་གཏོང་བ། ཟོན་ཕྱུག་འཚོ།