ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་མང་ཚོགས་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པ་དང་།ཉིན་དང་པོར་ཉིང་སྐྱུར་མ་དཔེ1305100བླངས།
2021.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ 11 པའི་ཚེས 6 ཉིན་གྱི་ཆུ་ཚོད 9 ཡི་སྟེང་། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོས་དམངས་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་མགོ་བརྩམས། ཆུ་ཚོད 21 ཡི་བར་དུ།  ཁྱོན་སྡོམ་ཉིང་སྐྱུར་མ་དཔེ་མི་ས་ཡ་གཅིག་དང་འབུམ་གསུམ་སྟོང་ལྔ་བརྒྱ་ཐམ་པར་བླངས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཉིང་སྐྱུར་བཤེར་འཇལ་ཁྱབ་ཁོངས་སུ་བཀག་སྡོམ་ས་ཁུལ་དང་འཛིན་སྡོམ་ས་ཁུལ། ཟི་ལིང་དུ་སྡོད་པའི་དམག་མིའི་རུ་དཔུང་། རིམ་པ་གཉིས་པ་དང་དེའི་ཡན་གྱི་སྨན་ཁང་བཅས་ཕུད་པའི་མཁར་ཤར་ཆུས་དང་མཁར་དབུས་ཁུལ། མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་སྡོད་དམངས་ཡོངས་ཡིན་ལ། དེའི་ཁྲོད་དུ་གནས་སྐབས་སུ་ཟི་ལིང་དུ་སྡོད་པའི་མི་སྣ་དང་ལས་བཟོའི་མི་སྣ་སོགས་འདུ་ལ། ཉིན་གཉིས་ཀྱི་ནང་འཆར་གཞི་ལེགས་འགྲུབ་བྱེད་འཆར་རེད། མ་དཔེ་བཤེར་འཇལ་བྱ་བ་ཆེས་མྱུར་བ་དང་དུས་ཚོད་ཆེས་ཐུང་བ། ནུས་ཕྱོད་ཆེས་མཐོ་བའི་ངང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་ཆེད། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡིས་སྔོན་ལ་འཆར་འགོད་བྱས་པ་དང་། བདེ་འཇགས་དང་ཚན་རིག་གི་རྩ་དོན་ལྟར། བཤེར་འཇལ་བྱེད་ཚད་དང་མི་སྣའི་ཁྱབ་ཚད་དང་གྲུབ་ཚུལ་སོགས་ཀྱི་གནས་ཚུལ་ལ་བསྟུན་ནས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མཁར་ཁུལ་གཙོ་བོ་རུ་ཁྱོན་སྡོམ་ཉིང་སྐྱུར་བཤེར་འཇལ་ས་ཚིགས་བཞི་བརྒྱ་དང་གྱ་གཉིས་ལ་མ་དཔེ་ལེན་ས་སྟོང་གཉིས་བརྒྱ་དང་དྲུག་ཅུ་དང་། མ་དཔེ་ལེན་མཁན་གྱི་ལས་བྱེད་མི་སྣ་སྟོང་དྲུག་དང་བཞི་བརྒྱ་ལྷག་བཀོད་སྒྲིག་བྱས་ཏེ། མ་དཔེ་ལེན་སའི་ས་ཚིགས་རེ་རེར་ཆེད་ལས་རང་བཞིན་གྱི་མ་དཔེ་ལེན་པ་དང་ཆ་འཕྲིན་བསྡུ་ལེན་བྱེད་པ། སྒྲིག་གཞི་སྲུང་མཁན་གྱི་མི་སྣ་འདང་ངེས་བཀོད་གཏོང་བྱས་ལ། སྤྱི་བདེ་དང་བཟོ་ལས་ཆ་འཕྲིན། འགྲིམ་འགྲུལ་སོགས་འབྲེལ་ཡོད་སྡེ་ཁག་མྱུར་དུ་འགུལ་སྐྱོད་བྱས་ནས་ནུས་ཤུགས་ཡོད་རྒུས་མ་དཔེ་ལེན་པའི་སྒྲིག་གཞི་སྲུང་བ་དང་། རིམས་འགོག་དངོས་རྫས་དང་རིམས་འགོག་མི་སྣ། ཚོད་ལྟའི་སྨན་རྫས་ཀྱི་འགྲུལ་སྐྱེལ་ལ་འགོག་སྲུང་བྱས། རྫོང་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཁ་བ་བུ་ཡུག་འཚུབ་པ་སོགས་ཀྱི་ནམ་ཟླའི་རྒྱུ་རྐྱེན་ལ་དམིགས་ནས་སྦྲ་གུར་དང་དྲོད་འདོན་ཆས། ལྭ་བ་སོགས་དངོས་ཟོག་སྡེབ་སྤྲོད་བྱས་པར་མ་ཟད། ཕྱི་ནས་མ་དཔེ་ལེན་པའི་ས་ཁུལ་ཁ་ཤས་སུ་ཁང་བའི་ནང་དུ་མ་དཔེ་བླངས་ནས་མང་ཚོགས་ཀྱི་སེམས་སུ་དྲོལ་ཁོལ་འཛོམས་པའི་བརྩེ་བའི་ཞབས་ཞུ་བྱས་པ་དང་སྟོབས་ཤུགས་འཛོམས་ལ་གོ་རིམ་ཡོད་པའི་ངང་ཉིང་སྐྱུར་བཤེར་འཇལ་ལ་སྐུལ་འདེད་བཏང་།

ཟླ 11 པའི་ཚེས 6 ཉིན་གྱི་ཆུ་ཚོད 21 ཡི་བར་ལ། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོ་ནས་ཁྱོན་སྡོམ་ཉིང་སྐྱུར་མ་དཔེ་མི་ས་ཡ་གཅིག་དང་འབུམ་གསུམ་སྟོང་ལྔ་བརྒྱ་ཐམ་པ་ལ་བླངས་ཡོད་ཅིང་། དེའི་ཁྲོད་མཁར་ཤར་ས་ཁུལ་ནས་མི་འབུམ་གསུམ་དང་ཁྲི་དགུ་ཉིས་བརྒྱ་གྱ་དགུ་ལ་བླངས་ཡོད་པ་དང་། མཁར་དཀྱིལ་ས་ཁུལ་ནས་མི་འབུམ་གཉིས་དང་ཁྲི་དྲུག་སྟོང་བཞི་ལྔ་བརྒྱ་བཅུ་གཅིག་ལ་བླངས་ཡོད་ལ། མཁར་ནུབ་ས་ཁུལ་ནས་མི་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་དོན་གཅིག་ལ་བླངས་ཡོད། མཁར་བྱང་ས་ཁུལ་ནས་མི་འབུམ་གསུམ་ཁྲི་བདུན་སྟོང་བདུན་བརྒྱད་བརྒྱ་སོ་ལྔ་ལ་བླངས་ཡོད་པ་རེད། ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་ཚད་གཞིར་བཟུང་ནས་གནད་ལ་ཁེལ་ཞིང་ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་བྱེད་རྒྱུ་དང་། རིམས་ནད་ཕྱི་ནང་དུ་འཆེད་པ་དང་གང་སར་ཁྱབ་པ། ཡུན་འགྱངས་བྱེད་པ་བཀག་འགོག་བྱས་ནས་རིམས་ནད་འགོག་སྡོམ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས།

མི་ཕམ་མགོན་པོས་བསྒྱུར།