ནན་ཅིན་དང་རྨ་ལྷོ་གཉིས་ཀྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་ཟི་ལིང་དུ་ཐོན།
2021.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དང་རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་ལ་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་བདེ་བླག་ངང་ཟི་ལིང་དུ་ཐོན་པ་མ་ཟད། སོ་སོར་ཞལ་འདེབས་མཛད་སྒོ་བསྡུས།

ཤར་ནུབ་རྒྱུད་ཀྱི་མཉམ་ལས་འབྲེལ་བཙུགས་གྲོང་ཁྱེར་ཡིན་པའི་ཆ་ནས། ནན་ཅིན་གྲོང་ཁྱེར་གྱིས་དུས་ཚོད་དང་པོའི་ནང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། སྟོབས་ཤུགས་ཡོད་རྒུས་རིམས་འགོག་དངོས་ཟོག་གྲབས་གསོག་བྱས་ནས་མཚོ་སྔོན་ལ་ཞལ་འདེབས་ཕུལ། ཞལ་འདེབས་ཐད་ནས་ཉིང་སྐྱུར་བཤེར་འཇལ་གྱི་ཚོད་ལྟའི་སྨན་རྫས་དང་ནད་དུག་དཔེ་ལེན་སྦུ་གུ བརྒྱད་འབྲེལ་སྦུ་གུ་སོགས་ཡོ་བྱད་འབུམ་བཞི་ཙམ་འདུ་བ་དང་། ད་དུང་ནན་ཅིན་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་སོ་སོས་ཞལ་འདེབས་ཕུལ་བའི་ཁ་ཐུམ་དང་དུག་སེལ་སྨན་རྫས། འགོག་སྲུང་ལྭ་བ། སྨན་བཀོལ་ཆང་བཅུད་སོགས་འདུ་ལ། སྤྱིའི་རིན་ཚད་སྒོར་ས་ཡ་གཉིས་ལ་སླེབས། ཐེངས་འདིའི་རོགས་སྐྱོར་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་ཆེད། ནན་ཅིན་གསོ་རིག་སྨན་རྫས་ཀུང་ཟིས་ཏང་ཡོན་གདོང་ལེན་རུ་ཁག་བདམས་ནས་སྐྱེལ་འདྲེན་གྱི་འགན་ཁུར་དུ་བཅུག་སྟེ། ཉིན་མཚན་དབྱེ་བ་མེད་པར་བསྟུད་མར་དུས་ཚོད་སོ་གཉིས་རིང་ལ་བསྐྱོད་དེ་མཇུག་མཐར་བདེ་བླག་ངང་ཟི་ལིང་དུ་ཐོན། ནན་ཅིན་གྲོང་ཁྱེར་ཆི་ཞཱ་ཁུལ་དང་ཡུས་ཧྭ་ཐའེ་ཁུལ། ལིའུ་ཧི་ཁུལ་བཅས་ཀྱིས་མིག་སྔར་སྟོབས་ཤུགས་གཅིག་བསྡུས་བྱེད་བཞིན་ཡོད་པ་དང་། རྗེས་མར་ད་དུང་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་ཟི་ལིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་རྫོང་དང་ཆུའུ་ཡི་རིམས་ནད་འགོག་སྡོམ་བྱ་བར་རོགས་རམ་བྱེད་རྒྱུ་རེད།

རྨ་ལྷོ་ཁུལ་གྱིས་རང་སྟེང་གི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་ཞོར་དུ། བྲེལ་མྱུར་སྒོས་རིན་ཐང་སྒོར་འབུམ་དྲུག་གི་རིམས་འགོག་དངོས་ཟོག་ཉོ་སྒྲུབ་དང་མཁོ་འདོན་བྱས་པ་དང་། དེའི་ཁྲོད་སྐྱེ་ལྡན་སྐམ་ཤ་སྤྱི་རྒྱ་སྟོང་ལྔ་དང་རིམས་འགོག་དྲི་ཞིམ་བྱུག་ཆུ་སོགས་སོག་བོད་སྨན་རྫས་ཁྲི་གཅིག་དང་ལྔ་བརྒྱ་འདུ།

སྐོར་འདིའི་རིམས་འགོག་དངོས་ཟོག་དེ་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཅིག་གྱུར་སྒོས་བཀོད་གཏོང་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། གཙོ་བོར་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འགན་སྲུང་བྱས་ནས། དངོས་ཟོག་ཡོངས་རྫོགས་རིམས་ནད་འགོག་སྡོམ་མྱུར་སྐྱོབ་ཐད་བཀོལ་བར་ཁག་ཐེག་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།