མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་ཡུལ་དངོས་ལ་ལྟ་སྐུལ་ཞིབ་བཤེར་བྱས།
2021.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་ལྟར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་དང་པོའི་ནང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་བཅོས་ལས་ཁུངས། སྤྱི་ཐུན་ཡུལ་གནས། ས་ཚིགས་གཉིས་དང་གནམ་གྲུ་ཐང་། ལོགས་བཀར་བྱེད་ས་སྐོར་ཞིག་སོགས་རིམས་ནད་འགོག་སྡོམ་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱས།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་སྨན་བཅོས་ལས་ཁུངས་ཀྱི་ཚ་རྒྱས་སྒོ་བསྟེན་དང་བརྟག་དཔྱད་བརྒྱུད་དེ་ནད་རིགས་བགོས་ནས་སྨན་བཅོས་བྱེད་པ་སོགས་ཐད་ནས་རྙེད་པའི་གནད་དོན་ལ་དམིགས་ནས། དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས་མྱུར་དུ་དག་ཐེག་ལེགས་བཅོས་བྱས། སྣ་འཛོམས་ཚོང་ཁང་དང་ཚོང་ར། མགྲོན་ཁང་། ཟ་ཁང་བཅས་ཀྱི་བཤེར་རིས་གཉིས་ཀྱི་ཞིབ་དཔྱད་དང་ལུས་དྲོད་འཇལ་བའི་ལམ་ལུགས་ལག་བསྟར་ནན་མོ་མ་བྱས་པའི་གནད་དོན་སོགས་ལ། ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱེད་པའི་གྲོས་གཞི་ཡི་གེ་བྲིས་པ་མ་ཟད། ཚད་ལྡན་མིན་པའི་ཡུལ་གནས་སྐོར་ཞིག་གི་སྒོ་རྒྱག་ཏུ་བཅུག ཉིང་སྐྱུར་བཤེར་འཇལ་བྱེད་སའི་དཔེ་ལེན་གོ་རིམ་ཚད་ལྡན་མིན་པ་དང་། རྨིད་གཅིག་གི་བར་ཐག་མི་འཇོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཡུལ་དངོས་ཀྱི་ལས་བྱེད་མི་སྣས་རང་ཉིད་ཀྱི་འགོག་སྲུང་བྱ་བ་བཟང་བོ་བསྒྲུབ་པའི་ཞོར་དུ། ཞབས་ཞུ་རྒྱུད་རིམ་ལེགས་བསྒྱུར་བྱེད་པ་དང་། དཔེ་ལེན་ལས་ཆོད་མཐོར་འདེགས་གཏོང་བའི་རེ་བ་བཏོན། གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས་ཀྱི་འགོག་སྡོམ་ཐད་ཀྱི་ཉེན་ཁ་དང་ཁོར་ཡུག་གཙང་སྦྲ་གནད་དོན་ལ་ཁ་གཏད་དེ། དུས་ཐོག་དུ་འབྲེལ་ཡོད་འགན་ཁུར་མི་སྣ་དང་བརྗེ་རེས་བྱས་ནས། ཡུལ་གནས་ཀྱི་དུག་སེལ་དང་བཤེར་རིས། ལུས་དྲོད་འཇལ་བ་སོགས་ཀྱི་བྱ་བ་བཟང་བོ་བསྒྲུབ་སྟེ། འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས།

མིག་སྔའི་བར་དུ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བསྡོམས་པས་སྨན་བཅོས་ལས་ཁུངས་དགུ་བརྒྱ་དང་ང་ལྔ་དང་ལོགས་བཀར་བྱེད་ས་སོ་གཉིས། སྤྱི་ཐུན་ཡུལ་གནས་དགུ་བརྒྱ་དང་དགུ་བཅུ། ས་ཚིགས་གཉིས་དང་གནམ་གྲུ་ཐང་བཅས་ལ་གྲལ་བཤེར་བྱས་པ་དང་། འཕྲོད་བསྟེན་ལྟ་སྐུལ་གྲོས་གཞི་ཡི་གེ་དྲུག་བརྒྱ་དང་རེ་གཅིག་ཕྱིར་བཏོན་པ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་མི་བྱེད་པའི་ཡུལ་གནས་བརྒྱ་དང་ཞེ་དགུའི་སྒོ་རྒྱག་ཏུ་བཅུག