རིམས་ནད་འགོག་སྡོམ་བྱས་པའི་ཚུན་ལ་ཟི་ལིང་གྲོང་ཁྱེར་གྱིས་རིགས་སོ་སོའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་དྲུག་ལྷག་བྱིན།
2021.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   རིམས་ནད་འགོག་སྡོམ་དུས་སྐབས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་ཆེད།  ཟི་ལིང་གྲོང་ཁྱེར་གྱིས་དམངས་སྲིད་སྡེ་ཁག་གི་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རོགས་སྐྱོར་སྲིད་ཇུས་སོ་སོ་དོན་འཁྱོལ་ལེགས་པོ་བྱས་པ་དང་།     རིམས་ནད་འགོག་སྡོམ་བྱས་པའི་ཚུན་ལ་བསྡོམས་པས་རིགས་སོ་སོའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་དྲུག་སྟོང་གཉིས་དང་བརྒྱད་བརྒྱ་བྱིན་པ་དང་།    དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དགུ་ལྷག་བྱིན།

ཟི་ལིང་གྲོང་ཁྱེར་གྱིས་རིམས་འགོག་དུས་སྐབས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེ་ལམ་གྱི་པྲོག་སར་གློ་ཚད་རིམས་ནད་འགོག་སྡོམ་དུས་སྐབས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་ཞེས་པ་དང་།      རྒན་གསོ་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་བཟང་བོར་བསྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར་ཞེས་པ་གཏན་འཁེལ་བྱས་ཏེ་ཕྱིར་བཏོན་པ་དང་།     གྲོང་ཁྱེར་དང་རྫོང་།    ཕན་བདེ་ལས་ཁུངས་དང་སྡེ་བ་སོགས་ཀྱི་ཁྱོན་ཡོངས་ཀྱི་རིམས་འགོག་མ་ལག་གྲུབ་པར་བྱས་པར་མ་ཟད།    གྲོང་ཁྱེར་ཡོངས་ཀྱི་ཕན་བདེ་ལས་ཁུངས་ཉེར་དྲུག་ལ་བཀག་སྡོམ་རྣམ་པའི་དོ་དམ་ལག་བསྟར་བྱས།

སྔོན་ལ་ནང་འཇུག་དང་རྗེས་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་རྩ་དོན་ལག་བསྟར་བྱས་ཏེ་རིམས་འགོག་དུས་སྐབས་སུ་སྤྱི་ཚོགས་རོགས་སྐྱོར་བྱ་བ་དྲ་ཐོག་ནས་སྒྲུབ་ཐུབ་པར་བྱས་ནས་མ་མཐའི་འཚོ་བའི་འགན་སྲུང་སོགས་རོགས་སྐྱོར་ཐད་ཀྱི་རེ་ཞུ་དང་ཞིབ་བཤེར་གཏན་འབེབས།    ཞིབ་བཤེར་ཆོག་མཆན་བཅས་ཀྱི་གོ་རིམ་ཧྲིལ་བོ་གེགས་མེད་ངང་བསྒྲུབ་ཐུབ་པ་མངོན་འགྱུར་བྱས།   ཁ་པར་དང་སྐད་འཕྲིན་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས་ཏེ་དུས་ཐོག་ཏུ་ཁོ་ཚོའི་རེ་ཞུ་དང་ལེན་དང་ཐག་གཅོད་བྱས།

མིག་སྔར།   གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་བདུན་ཁྲི་བདུན་སྟོང་གཉིས་བྱིན་པ་དང་།    སྐབས་བསྟུན་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི་བཞི་བྱིན།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།