རང་ཞིང་གི་སྐྱེ་ཁམས་དོ་སྲུང་བ་ཁྲི་གཅིག་དང་སྟོང་བདུན་རིམ་པ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཟོ་ཚོགས་རྩ་འཛུགས་ནང་ཞུགས།
2021.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་བ་ཞོར་ལས་པ་གང་ན་ཡོད་ན། དེ་རུ་བཟོ་ཚོགས་རྩ་འཛུགས་ཡོད་པ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རྒྱུན་མི་ཆད་པར་འཚོལ་ཞིབ་ལག་ལེན་བྱས་པ་དང་། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་ལ་ཞུགས་དཀའ་བའི་དཀའ་གནད་ཐག་བཅད་དེ། སྐྱེ་ཁམས་དོ་སྲུང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་རིམ་པ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཟོ་ཚོགས་རྩ་འཛུགས་ཁྲོད་ཞུགས་སུ་བཅུག་པ་དང་། དེས་ཚད་ཆེས་ཆེ་བའི་སྒོ་ནས་ལས་བཟོ་བ་དང་མང་ཚོགས་བཟོ་ཚོགས་ནང་ཞུགས་པར་བྱས་པ་མ་ཟད། བཟོ་ཚོགས་རྩ་འཛུགས་ཀྱི་ཁེབས་རྒྱ་རྒྱུན་མི་ཆད་པར་ཆེར་སྐྱེད་དེ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས།

ད་ལོའི་ལོ་དཀྱིལ་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་རྟོག་ཞིབ་བྱེད་སྐབས། སྐྱེ་ཁམས་དོ་སྲུང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཟོ་ཚོགས་ཨུ་ཡོན་ལྷན་ཁང་ནང་ཞུགས་མེད། གནས་ཚུལ་དེར་ཁ་གཏད་དེ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཐོག་ཏུ་ཀྲུའུ་ཞིའི་གཞུང་སྒྲུབ་གྲོས་ཚོགས་བསྡུས་ནས། ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་ལ་ཞུགས་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་རེའུ་མིག་བྲིས་ཏེ། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་ལ་ཞུགས་པའི་བྱ་བ་དོན་འཁྱོལ་ནན་མོ་བྱས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཟོ་ཚོགས་དང་ཐེངས་མང་པོར་བཟོ་ཚོགས་ལ་ཞུགས་པའི་རྣམ་པར་ཞིབ་འཇུག་དང་གྲོས་སྡུར་བྱས་པ་མ་ཟད། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་ལ་ཞུགས་པའི་འདོད་བློ་དང་གཞི་རིམ་བཟོ་ཚོགས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བཟོ་ཚོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས། དོ་སྲུང་བ་བཟོ་ཚོགས་ལ་ཞུགས་པའི་བྱ་བར་མཛུབ་སྟོན་བྱས། མཇུག་མཐར་མ་ལག་བཟོ་ཚོགས་དང་གཞི་རིམ་བཟོ་ཚོགས། ཡན་ལག་བཟོ་ཚོགས། བཟོ་ཚོགས་ཚན་ཆུང་བཅས་རིམ་པ་བཞིའི་རྩ་འཛུགས་སྒྲོམ་གཞི་ལྟར། དོ་སྲུང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་བཟོ་ཚོགས་རྩ་འཛུགས་ཁྲོད་ཞུགས་སུ་བཅུག་སྟེ། གཅིག་ཀྱང་མི་བསྐྱུར་བ་དང་ཞུགས་འོས་པ་ཚང་མ་ཞུགས་སུ་འཇུག་པར་ཁག་ཐེག་བྱས། དེ་དང་མཉམ་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྐྱེ་ཁམས་དོ་སྲུང་བར་རིན་ཐང་སྒོར་ཁྲི་དྲུག་གི་ལུས་ཕུང་བརྟག་དཔྱད་བྱང་བུ་བྱིན་པ་དང་། བཟོ་ཚོགས་འཛུགས་པའི་ཆེད་དོན་མ་དངུལ་སྒོར་ཁྲི་བཞི་བཏང་ནས། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་ལ་ཞུགས་པའི་བྱ་བའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཟོ་ཚོགས་ཀྱིས་སྐྱེ་ཁམས་དོ་སྲུང་བ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོ་རྫོང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་བཅས་ཀྱི་འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་སུ་ཁྱབ་ཡོད་པ་དང་་། རྫོང་མཁར་དང་ཐག་རིང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། གཅིག་བསྡུས་བྱེད་དཀའ་བའི་ཁྱད་ཆོས་ལ་དམིགས་ནས། དོ་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་ཁྲུའུ་ཡི་བཟོ་ཚོགས་ཀྱིས་ལས་བྱེད་པ་གཅིག་ནས་གཉིས་མངག་སྟེ་ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱས་པ་དང་། གཙོ་བོར་བཟོ་ཚོགས་ཀྱི་ངོ་བོ་དང་འགན་ནུས། ཚོགས་མིའི་དབང་ཆ་དང་འོས་འགན་དྲིལ་སྒྲོག་བྱས་ལ། རང་མོས་ཀྱི་རྩ་དོན་གཞིར་བཟུང་ནས། སྐྱེ་ཁམས་དོ་སྲུང་བ་བཟོ་ཚོགས་རྩ་འཛུགས་ལ་ཞུགས་པར་སྐུལ་སློང་བཏང་བ་དང་། ཡུལ་དངོས་ནས་བཟོ་ཚོགས་ལ་ཞུགས་པའི་འགྲོ་ལུགས་བསྒྲུབས། བཟོ་ཚོགས་ལ་ཞུགས་སྐབས་ཀྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ནས་ལྷོད་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐོག་མར་སྐྱེ་ཁམས་དོ་སྲུང་བའི་ཁྲོད་ཀྱི་མང་ཚོགས་ཀྱི་རྨང་གཞི་བཟང་བ་དང་ཕྱོགས་བསྡུས་བྱང་ཚད་འབུར་དུ་ཐོན་པའི་མི་སྣ་བཟོ་ཚོགས་རྩ་འཛུགས་ལ་ཞུགས་སུ་བཅུག་པ་དང་། ཁོ་ཚོའི་མང་ཚོགས་ཀྱི་རྨང་གཞི་བེད་སྤྱད་དེ། བཟོ་ཚོགས་རྩ་འཛུགས་ཀྱི་སྐྱེ་ཁམས་དོ་སྲུང་བའི་མི་ཚོགས་ཁྲོད་ཀྱི་ཤན་ཤུགས་དང་འགུག་ཤུགས་ཆེར་སྐྱེད་པ་དང་། རིམ་པ་བཞིན་སྐྱེ་ཁམས་དོ་སྲུང་བ་ཚང་མ་བཟོ་ཚོགས་ལ་ཞུགས་པ་མངོན་འགྱུར་བྱས།

རིན་ཆེན་མཚོས་བསྒྱུར།