རང་ཞིང་གི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཞིང་བ་ཞོར་ལས་པར་ཞབས་འདེགས་ཞུ་བའི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་སྤེལ།
2021.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ལག་ལེན་བྱ་འགུལ་གྱི་རེ་བ་ལག་བསྟར་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ཞིང་བ་ཞོར་ལས་པའི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་བྱ་བ་སྔར་ལས་བཟང་བོར་སྤེལ་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཁྲིམས་རྩོད་པ་མཐུན་ཚོགས་བཅས་ཀྱིས་ཚེས་བརྒྱད་ཉིན་ནས་སང་ལོའི་ཟླ་བཞི་བའི་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་མཉམ་འབྲེལ་སྒོས༢༠༢༡ལོའི་བཅའ་ཁྲིམས་བརྩི་སྲུང་བྱས་ནས་མཉམ་དུ་ཕུགས་འདུན་མངོན་འགྱུར་བྱེད་པའི་ཞིང་བ་ཞོར་ལས་པར་ཞབས་འདེགས་ཞུ་བའི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་སྤེལ་ནས། ཞིང་བ་ཞོར་ལས་པའི་ཉིན་རེ་བཞིན་འཕར་སྣོན་བྱུང་བཞིན་པའི་སྣ་མང་ཅན་གྱི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུའི་རེ་བ་སྐོང་རྒྱུའི་ཐག་བཅད།

ངོ་སྤྲོད་ལྟར་ན། ༢༠༢༡ལོའི་བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་མུ་མཐུད་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ནས་སྤེལ་རྒྱུ་ཡིན་པ་དང་། ཁུལ་གཞན་པའི་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཐད་གཏོགས་བཅས་ཀྱིས་རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། རང་འདོད་ལྟར་རྩ་འཛུགས་བྱས་ནས་སྤེལ་ཆོག བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་ཀྱིས་གཙོ་བོར་ཞིང་བ་ཞོར་ལས་པ་གཙོ་ཡིན་པའི་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པར་ཁ་ཕྱོགས་ཏེ། ངལ་རྩོལ་འགན་སྲུང་ཁེ་དབང་དང་འབྲེལ་བའི་བྲེལ་མྱུར་ཞུ་གཏུག་དང་མངོན་སུམ་དཀའ་གནད་ལ་དོ་སྣང་བྱེད་པ་དང་། བཟོ་ཚོགས་རྩ་འཛུགས་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱ་ཆེའི་ཁྲིམས་རྩོད་པ་དང་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་རྣམས་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པར་འབྲེལ་འདྲིས་བྱེད་པ་དང་ཞབས་འདེགས་ཞུ་བའི་ཁོད་རྒྱ་དང་གཏིང་ཚད་རྒྱ་སྐྱེད་པ། འབྲེལ་ཡོད་བཅའ་ཁྲིམས་ཞབས་ཞུའི་བྱེད་ཐབས་ལག་བསྟར་བྱེད་པ། ཁེ་ལས་ཀྱིས་རང་རྟོགས་སྒོས་ཁྲིམས་ལྟར་ངལ་རྩོལ་པ་བཀོལ་བའི་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

༢༠༢༡ལོའི་བཅའ་ཁྲིམས་ཞབས་ཞུ་འགུལ་སྐྱོད་སྐབས་སུ། དྲ་ཐོག་དང་ཡུལ་དངོས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་སྒྲོག་འགྲེལ་བྱེད་པ་གཙོར་བྱས་ཏེ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པར་ཁ་ཕྱོགས་ནས་རྣམ་པ་སྣ་མང་གི་བཅའ་ཁྲིམས་ཁྱབ་གདལ་བྱ་འགུལ་སྤེལ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།