གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚོང་དོན་ཐིན་གྱིས་ཚོང་རའི་མཁོ་འདོན་འགན་སྲུང་དང་འབྲེལ་བའི་བྱ་བའི་ལས་འགན་ལག་བསྟར་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་རིམས་ནད་འགོག་སྡོམ་སྐབས་ཀྱི་འཚོ་བའི་ངེས་མཁོའི་དངོས་རྫས་མཁོ་འདོན་ལ་འགན་སྲུང་བྱས།
ཚོང་རའི་མཁོ་འདོན་ཀྱི་གྲངས་ཀ་མང་བ་དང་རིགས་སྣ་ཕུན་སུམ་ཚོགས་པ། རིན་གོང་གཏན་འཇགས་བཅས་ཡོང་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་ཚོང་དོན་ཐིན་དང་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་གཉིས་ཀྱིས་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། ཉི་མ་རེ་རེར་སྔོ་ཚལ་དང་ཤ་རིགས་སོགས་འཚོ་བའི་ངེས་མཁོའི་དངོས་རྫས་ཀྱི་གྲངས་ཀ་དང་རིན་གོང་བཅས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། དུས་ཐོག་ཏུ་ཚོང་རའི་གནས་ཚུལ་གྱི་སྔོན་བརྡ་བཏང་བ་དང་། ཁེ་ལས་ཀྱིས་ཚོང་ཟོག་གི་ཡོངས་ཁུངས་རྩ་འཛུགས་དང་གཏོང་ཡོང་བྱེད་ཤུགས་ཇེ་ཆེར་གཏོང་བར་མཛུབ་ཁྲིད་དང་མཐུན་སྦྱོར་བྱས།
ཞིང་ཆེན་ཡོངས་སུ་རྐང་འཛིན་འཕྲལ་བསྟུན་མཁོ་འདོན་འགན་སྲུང་ཁེ་ལས་བརྒྱ་དང་བཅུ་བདུན་གཏན་ཁེལ་བྱས་པ་དང་། འཕྲལ་བསྟུན་འདོན་སྤྲོད་བྱེད་ས་དགུ་བརྒྱ་དང་དོན་དགུ་བཙུགས་ལ། ནོར་ལུག་ཤ་དང་ཕག་ཤ་ཉར་གསོག་ལམ་ལུགས་བཙུགས་པ་དང་། དེའི་དམིགས་འབེན་ནི་ཚོང་རའི་དགོས་མཁོ་ལ་ཁ་གཏད་འཇལ་རྒྱུ་དེ་ཡིན་ལ། དུས་ཆེན་དང་དུས་རིམ་གཙོ་བོ། འཕྲལ་བསྟུན་དགོས་མཁོ་ཡོད་པ་བཅས་སྐབས་སུ། དུས་ཐོག་ཏུ་འདོན་སྤྲོད་བྱས་ཏེ། ཚོང་རའི་མཁོ་སྤྲོད་ལ་འགན་སྲུང་བྱས།
སྡོད་དམངས་ཀྱི་ངེས་མཁོའི་དངོས་རྫས་ཚོང་རའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་ཚོང་དོན་ཐིན་གྱིས་ད་དུང་ཀན་སུའུ་ཡི་འབྲེལ་ཡོད་སྡེ་ཁག་བར་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་མཉམ་ལས་གྲོས་མཐུད་བཀོད་པ་དང་། ཡུན་རིང་གཏན་འཇགས་ཀྱི་ཉོ་ཚོང་མཉམ་ལས་འབྲེལ་བ་བཙུགས།
རང་ཞིང་གི་ཉོ་ཚོང་སྐྱེལ་འདྲེན་ཁེ་ལས་ཀྱིས་ད་དུང་བརྩེ་སེམས་ཕུལ་ནས། བསྟུད་མར་མེ་ཐོན་དང་ཀྲུང་གོའི་རྡོ་སྣུམ། རྒྱལ་སྨན་མ་རྐང་ཚོད་འཛིན་སོགས་ཁེ་ལས་ཀྱིས་སྡེབ་ཚོང་ཚོང་ར་དང་སྣ་འཛོམས་ཚོང་རར་རིམས་འགོག་དངོས་ཟོག་ཞལ་འདེབས་ཕུལ་ནས། རིམས་ནད་འགོག་སྡོམ་བྱེད་པར་རོགས་འདེགས་བྱས།
རིན་ཆེན་མཚོས་བསྒྱུར།