གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ལྕགས་ཐར་ཚེ་རིང་དང་ཐུབ་བསྟན་གཉིས་ཀྱིས་བཀོད་པའི་གསར་འགྱུར།
ལོ་སར་དགོང་ཚོགས་འདི་ནི་ཏང་དང་རྒྱལ་ཁབ་ལ་དགའ་བའི་གླུ་སྐད་ཅིག་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་པའི་གླུ་སྐད་ཅིག བདེ་སྐྱིད་ཀྱི་འཚོ་བར་བསྟོད་པའི་གླུ་སྐད་ཅིག དཀའ་སྤྱད་མདུན་བསྐྱོད་ཀྱི་སྙིང་སྟོབས་མཚོན་པའི་གླུ་སྐད་ཅིག་ཡིན།
ཟླ12པའི་ཚེས18ཉིན་གྱི་དགོང་མོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་སར་དགོང་ཚོགས《དུས་བཟང་དཔྱིད་ཀྱི་མཆོད་བསྟོད》ཅེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་བརྙན་ཕབ་བྱས་ཤིང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་བཞི་བརྒྱར་ཉེ་བས་གར་སྟེགས་གཅིག་ཏུ་གླུ་གར་གྱི་མཆོད་པ་གྱ་ནོམ་པ་ཕུལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཡོངས་ལ་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཀྱི་དགའ་སྟོན་བཤམས་ཤིང་། དུས་རབས་གསར་པའི་གངས་ལྗོངས་མཐོ་སྒང་གི་འཕེལ་རྒྱས་ཀྱང་རི་མོ་བཞིན་མཚོན་པར་བྱས།
དགོང་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ལ་དགའ་བའི་གླུ་དབྱངས་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་པའི་གླུ་དབྱངས། བདེ་སྐྱིད་ཀྱི་འཚོ་བར་བསྟོད་པའི་གླུ་དབྱངས། དཀའ་སྤྱད་མདུན་བསྐྱོད་ཀྱི་སྙིང་སྟོབས་མཚོན་པའི་གླུ་དབྱངས་བཅས་ཀྱིས་ཁྱབ་པར་བྱས་ཡོད་ལ། དེ་མིན་ད་དུང་ཕུལ་བྱུང་བརྩམས་ཆོས་དང་འཁྲབ་སྟོན་པ་གྲགས་ཅན་གང་མང་དགོང་ཚོགས་ཀྱི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད། 《གླུ་དབྱངས་སྙན་མོ་ཏང་ལ་ལེན》དང《སྙན་གླུ་ཡང་བསྐྱར་ཏང་ལ་ལེན》 《སྤྱི་ཁྱབ་ཧྲུའུ་ཅི་ང་ཡི་ཁྱིམ་དུ་མགྲོན་ལ་བཞུགས》《ཁ་བཏགས་དཀར་པོ་ཏང་ལ་འབུལ》 གེ་སར་ཟློས་གར《སྐྱེ་དགུའི་དགྱེས་སྟོན》 གྱང་གླུ《ཞོར་ལས་ཡག》 ཨ་མདོའི་དམངས་ཁྲོད་རྩེད་རིག《ལོ་ལེགས་བསྡུ་བ》སོགས་རིག་རྩལ་གྱ་ནོམ་པ་ཡོད་ལ། གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མ་དང་རྡུང་ལེན་པ་གྲགས་ཅན་དཔལ་མགོན། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ། གླུ་བ་བློ་བཟང་བཀྲ་ཤིས་སོགས་ཀྱིས་རེ་རེ་བཞིན་ཏང་དང་རྒྱལ་ཁབ་ལ་བླངས་པའི་བསྟོད་གླུ་དང་ཡིད་སེམས་འགུལ་བའི་ཕུལ་བྱུང་གི་བརྩམས་ཆོས་དག་ངག་གི་དབྱངས་རྟ་དང་ལུས་ཀྱི་ཉམས་འགྱུར་ལ་བརྟེན་ནས་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བཤམས་པས། དགོང་ཚོགས་ཀྱི་ཡོ་ལང་ཡང་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱས།
གླུ་གར《དཔྱིད་ཀྱི་ཉམས་སྣང》ཞེས་པ་བརྒྱུད་ནས་དགོང་ཚོགས་དངོས་སུ་མགོ་བརྩམས་ཤིང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔ་ནས་སླེབས་པའི་འཁྲབ་སྟོན་པ་དག་གིས་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གླུ་གར་དང་དམངས་གླུ་བསྟུད་ལེན། རྡུང་ལེན་བསྟུད་ལེན། ཨ་མདོའི་དམངས་ཁྲོད་རྩེད་རིག གེ་སར་སྒྲུང་། ཤོམ་འགྲོ ཁ་ཤགས། གར་ཆུང་སོགས་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བརྒྱུད་ནས་ཏང་དང་རྒྱལ་ཁབ་ལ་བསྟོད་བསྔགས་དང་སྨོན་འདུན་ཞུས་ལ། ལྟད་མོ་བ་རྣམས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་བཅུད་དུ་སྨིན་པར་བྱས།
འདི་ནི་ཏང་དང་རྒྱལ་ཁབ་ལ་དགའ་བ་མཚོན་པའི་གླུ་སྐད་ཅིག་ཡིན་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་སྐབས་འདིར། གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མས་རྒྱལ་ས་པེ་ཅིང་ནས་ལོ་སར་གྱི་སྨོན་འདུན་བསྐྱལ་ཡོང་ཞིང་། ལོ་ངོ་དྲུག་ཅུའི་སྔོན་ལ་མི་རིགས་ང་དྲུག་གིས་མཉམ་དུ་བླངས་པའི《གླུ་དབྱངས་སྙན་མོ་ཏང་ལ་ལེན》ཞེས་པ་ནས་དུས་དེ་རིང་རིགས་སོ་སོའི་མི་དམངས་ཀྱིས་རྗེས་མཐུད་ནས་བླངས་པའི《སྙན་གླུ་ཡང་བསྐྱར་ཏང་ལ་ལེན》ཞེས་པས་རིགས་སོས་སོའི་མི་དམངས་ཀྱིས་དུས་ནམ་ཡང་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་ལ་འབྲངས་པ། ཏང་གི་དྲིན་ལན་དྲན་པའི་བསམ་པ་མཚོན་པར་བྱས་ཡོད། ལོ་སར་ཚེས་གཅིག་ཉིན། དཀོན་ལོ་གོང་མ་སྡེ་བའི་ཡུལ་མི་སྤུན་ཟླ་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་མྱོང་པའི་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་དུ་འཛོམས་ཏེ། དགའ་སྤྲོའི་དཔལ་ལ་རོལ་བཞིན《སྤྱི་ཁྱབ་ཧྲུའུ་ཅི་འབྲོག་མིའི་ཁྱིམ་ལ་ཕེབས》ཞེས་པའི་གླུ་དབྱངས་སྙན་མོ་དེ་བླངས། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མས་བླངས་པའི《ཁུ་བྱུག་དང་ཁྲུང་ཁྲུང》ཞེས་པའི་ཁུ་བྱུག་གིས་དཔྱིད་དཔལ་བསུ་བའི་ཕོ་ཉ་དང་ཁྲུང་ཁྲུང་གིས་བཀྲ་ཤིས་པའི་དགེ་མཚན་མཚོན་པར་བྱས་ཡོད་ལ། དེས་ཏང་དང་མེས་རྒྱལ་ནམ་ཡང་ལང་ཚོའི་དཔལ་གྱིས་ཕྱུག་ཅིང་། རྒྱལ་ཁབ་དར་ཞིང་དམངས་རྣམས་སྐྱིད་པའི་བཀྲ་ཤིས་སྨོན་འདུན་མཚོན་པར་བྱས་ཡོད།
འདི་ནི་མི་རིགས་མཐུན་སྒྲིལ་ལ་བསྟོད་པའི་གླུ་སྐད་ཅིག་ཡིན་ཏེ། དགོང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པས་ངོ་སྤྲོད་བྱས་པ་ལྟར་ན། དགོང་ཚོགས་ཀྱི་འཁྲབ་ཚན་ཚང་མར་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གྱིས་ཡོངས་སུ་ཕྱུག་ཡོད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་མངོན་པར་བྱས་འདུག 《ཁ་བཏགས་དཀར་པོ་ཏང་ལ་འབུལ》ཞེས་པས་དབུལ་ཕོངས་ཀྱི་སྡེ་བ་ཞིག་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བའི་མཚན་སྙན་ཐོབ་པའི་དཔའ་ལུང་རྫོང་གསེར་གཞུང་ཞང་བྲག་དཀར་བུ་རྒྱུད་སྡེ་བ་མཚོན་ཡོད་ལ། སྡེ་མི་རྣམས་ཀྱིས་འཐག་པའི་སྨི་བརྒྱ་ཅན་གྱི་ཁ་དོག་སྣ་ལྔའི་ཁ་བཏགས་སུ་མདོག་དམར་པོ་ཅན་གྱི་སྐལ་བཟང་མེ་ཏོག་བརྒྱ་དང་མདོག་སྔོན་པོ་ཅན་གྱི་སྐལ་བཟང་མེ་ཏོག་ང་དྲུག་གཙག་ཡོད། དེས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་མཚོན་ཡོད། གླུ་དབྱངས《སྤུན་ཟླའི་མཛའ་བརྩེ》ཞེས་པས་རིགས་སོ་སོའི་ཕུ་ནུ་མིང་སྲིང་རྣམས་ཀྱིས་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་ཀྲུང་གོའི་འདུན་མ་བསྐྲུན་པའི་ཕུགས་འདུན་མཚོན་པར་བྱས་ཡོད།
འདི་ནི་བདེ་སྐྱིད་འཚོ་བ་ལ་བསྟོད་པའི་གླུ་སྐད་ཅིག་ཡིན་ཏེ། གར་ཆུང་དང་ཨ་རྩེད། གླུ་གར་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་ཞིང་ཆེན་ཕྱི་ནང་གི་བོད་འབྲེལ་ཁུལ་དང་རྫོང་གི་རིགས་སོ་སོས་མཐུན་སྒྲིལ་ཡར་བརྩོན་དང་བདེ་སྐྱིད་ཁྱིམ་གཞི་འཛུགས་སྐྲུན་བྱས་པའི་རྣམ་པ་མཚོན་ཡོད། སྲོལ་རྒྱུན་གྱི་གྱང་གླུ《ཞོར་ལས་ཡག》ཅེས་པས་གླུ་གར་གྱི་རྣམ་པའི་ཐོག་ནས་གཙང་གསུམ་འབྱུང་ཡུལ་གྱི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱས་པའི་རྣམ་པ་མཚོན་ཡོད་ལ། བཞད་གར《ཐད་གཏོང》ནི2021ལོའི་བོད་ལུགས་ལོ་སར་དགོང་ཚོགས་སྟེང་གི་བཞད་གར《དབུལ་སྐྱོར》གྱི་ཚན་པ་ཕྱི་མ་ལྟ་བུ་ཡིན་ཞིང་། དགེ་ལེགས་ཚང་དབུལ་ཐར་བྱས་པ་ནས་སྡེ་མི་དག་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཏམ་རྒྱུད་བརྗོད་ཡོད། ཨ་མདོའི་དམངས་ཁྲོད་རྩེད་རིགས《ལོ་ལེགས་བསྡུ་བ》ཡིས་དབྱངས་ཀྱི་འགྱུར་ཁུགས་དང་གར་གྱི་སྟངས་སྟབས་ལ་བརྒྱུས་ནས། ཆར་ཆུ་དུས་སུ་འབབ་ཅིང་། ལོ་ཕྱུག་རྟག་བརྟན་ཡོང་བའི་སྨོན་འདུན་མཚོན་ཡོད། གེ་སར་སྒྲུང་གི་དུམ་ཚན《སྐྱེ་དགུའི་དགྱེས་སྟོན》གྱིས་གནའ་དེང་ཟུང་འབྲེལ་གྱི་ཞབས་བྲོའི་རྣམ་པ་དང་གེ་སར་སྒྲུང་གི་ལེན་སྟངས་སྤྱད་ནས་རྒྱལ་ཁབ་བདེ་ཞིང་མི་དམངས་སྐྱིད་པའི་བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བྱས་ཡོད།
འདི་ནི་དཀའ་སྤྱད་མདུན་སྐྱོད་ཀྱི་སྙིང་སྟོབས་མཚོན་པའི་གླུ་སྐད་ཅིག་ཡིན་ཏེ། 《མདུན་སྐྱོད་ཀྱི་གོམ་སྒྲ》ཞེས་པ་ནི་སྤོབས་སེམས་དང་ཡིད་ཆེས་ཀྱིས་ཁེངས་པའི་གསར་རྩོམ་རྐྱང་གཞས་ཤིག་ཡིན། རང་ཞིང་གི་ཕུལ་བྱུང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་མཚོ་མོ་སྐྱིད། རིན་ཆེན་དོན་གྲུབ། བཀྲ་ཤིས་གཡང་འབུམ་སོགས་དང་ན་གཞོན་གླུ་བ་བསམ་ཁོ་དང་ཚེ་སྐྱིད་གཉིས་བཅས་ནས《མཐོ་སྒང་གི་འགྱུར་ཁུགས》མཉམ་ལེན་བྱས་ཤིང་། དུས་རབས་གསར་བའི་ཁྲོད་རང་ཞིང་གི་ཕུལ་བྱུང་ལུས་རྩལ་པས་རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་ནས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཡོད། དེ་ལས་གཞན། ད་ལོར་ཆེད་དུ་གསར་རྩོམ་བྱས་པའི་མཇུག་སྐྱོང་ཟློས་གར《དུས་རབས་གསར་བར་མཉམ་དུ་བསྐྱོད》ཅེས་པ་ནི་ཐོད་བརྒལ་རང་བཞིན་ལྡན་པའི་གསར་རྩོམ་ཞིག་ཡིན་ལ། གླུ་བ12ཀྱིས་ལེན་སྟངས་རྣམ་པ་གསུམ་གྱི་སྟེང་ནས་བོད་རིགས་མི་དམངས་ཀྱིས་རླབས་ཆེ་བའི་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མངོན་པར་མཚོན་ཡོད། དགོང་ཚོགས་ཀྱི་གོ་རིམ་ཧྲིལ་བོ་ནི་སྤྲོ་སྣང་དང་། འཆམ་མཐུན། རྔམ་བརྗིད་ཀྱི་ཀློང་ནས་བདེ་ལེགས་ངང་མཇུག་རྫོགས།
1989ལོར་དགོང་ཚོགས་སྒྲུབ་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོངས་ཚོགས་ཀྱིས་ལོ་ངོ32ཀྱི་རིང་ལ་ང་ཚོ་དང་ལྷན་དུ་བཀྲ་ཤིས་གནམ་ལོ་གསར་བ་བསུས་ཤིང་། ལོ་སར་དགོང་ཚོགས་རེ་རེས་མེས་རྒྱལ་ཉ་རྒྱས་ཟླ་བཞིན་འཕེལ་བའི་འཕེལ་རྒྱས་མཚོན་ཡོད་ལ། ཏང་གི་ཚོགས་བཅོ་བརྒྱད་པའི་ཚུན་ལ་གངས་ལྗོངས་མཐོ་སྒང་གིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བདེན་དཔང་བྱས་ཡོད། དུས་རབས་གསར་བར་གོམ་སྟབས་བསྒྱུར་ནས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་རིགས་སོ་སོའི་མི་དམངས་རྣམས་སེ་འབྲུ་ཇི་བཞིན་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་སྟེང་མདུན་དུ་སྐྱོད་བཞིན་ཡོད།
ཐེངས་འདིའི་ལོ་སར་དགོང་ཚོགས2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་སར་གྱི་སྐབས་སུ་ཨ་མདོ་བརྙན་འཕྲིན་དང་གངས་ལྗོངས་མེ་ལོང་དྲ་བ་བརྒྱུད་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་འཁྱུག་དབྱིངས། སྐད་འཕྲིན་བརྙན་ལམ་བཅས་ནས་དུས་མཉམ་དུ་གཏང་རྒྱུ་ཡིན།