མཚོ་བྱང་ཁུལ་གྱིས་ཆེད་ལས་རྩལ་ནུས་འཇོན་མི་བརྒྱ་སྐྱེད་བསྲིང་བྱས།
2021.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་རིམ་པའི་སྤུས་ཚད་མཐོ་བའི་ཞིང་ཕྱུགས་ཆེད་ལས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་ཚོགས་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་ནི་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་སྣ་འཛོམས་ཞབས་ཞུ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སི་ཡོན་སློབ་གསོ་ལས་རིགས་གསོ་སྦྱོང་སློབ་གྲྭས་སྒྲུབ་འགན་ཁུར་བ་དང་ཆེད་ལས་རྩལ་ནུས་སློབ་མ་བརྒྱ་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱས།

རྒྱུས་ལོན་པ་ལྟར་ན། གསོ་སྦྱོང་འཛིན་གྲྭ་སློབ་མའི་དགོས་མཁོ་ལྟར་དུ་འདེབས་འཛུགས་ལས་རིགས་ཀྱི་འཛིན་གྲྭ་དང་གསོ་སྤེལ་ལས་རིགས་ཀྱི་འཛིན་གྲྭ་གཉིས་སུ་དགར་ཡོད། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་སློབ་ཁྲིད་བྱེད་ཡུལ་ཞིང་ལས་ཚན་རིག་ཞིབ་འཇུག་རྟེན་གཞི་རུ་བསྒྱུར་ནས་སློབ་ཕྱིའི་ལག་ལེན་སྣེ་ཁྲིད་ཀྱི་རྣམ་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱིས་དངོས་སུ་ཉམས་སུ་མྱོང་བར་བྱས་པ་དང་། ཁོ་ཚོར་རོགས་རམ་བྱས་ནས་ལག་ལེན་གྱི་གནད་ས་རྒྱུས་ལོན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱིས་དགེ་རྒན་གྱི་གསོ་སྦྱོང་དང་འཛུབ་སྟོན་འོག་ཞིང་ལས་འདེབས་འཛུགས་དང་གསོ་སྤེལ་རྩལ་ནུས་ལ་རྒྱུས་ལོན་བྱས།

མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་དང་ཚན་རིག་ལག་རྩལ་ཅུའུ་ཡི་ཅུའུ་ཀྲང་ཅཱ་ཝུན་ཅ་ཡིས་བཤད་རྒྱུར། སྤུས་ཚད་མཐོ་བའི་ཞིང་ཕྱུགས་སློབ་གསོའི་གསོ་སྦྱོང་བྱ་བ་ནི་རོང་འབྲོག་རུ་དཔུང་འཛུགས་སྐྲུན་གྱི་བརྒྱུད་ལམ་གལ་ཆེན་ཡིན་ལ། དེང་རབས་ཅན་གྱི་ཞིང་ལས་ཚད་མཐོའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རོང་འབྲོག་མང་ཚོགས་ལ་ཅུང་མཐོ་བའི་ཆེད་ལས་རྩལ་ནུས་མཁོ་བར་མ་ཟད། ཕུན་སུམ་ཚོགས་པའི་ཞིང་ལས་ཤེས་བྱའང་མཁོ་གལ་ཆེ་ལ། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་དགོས་མཁོ་དང་འཚམ་པར་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།