ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གཉིས་ཀྱིས་མཉམ་དུ་སྒྲུབ་འགན་ཁུར་བའི་རྒྱལ་ཁབ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་འཇོན་ནུས་མཐོར་འདེགས་བཟོ་སྐྲུན་གྱི་ཉིས་སྟོང་ཉེར་གཅིག་ལོའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་ལས་གཞི་སྟེ་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱེད་པའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།
ཐེངས་འདིའི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་དང་སྐྱེ་ཁམས་མ་ལག་གི་གཅིག་བསྡུས་རང་བཞིན་ལ་རྐང་བཙུགས་ནས་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཡུལ་སྐོར། བརླན་སའི་སྐྱེ་ཁམས། ཐོན་ཁུངས་ལེགས་སྒྱུར་དང་ལྗང་མདོག་འཕེལ་རྒྱས་སོགས་ཐད་ནས་ཞིབ་འཇུག་ཟབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ་དང་དོ་དམ་མི་སྣའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ལས་སྒོའི་ཆུ་ཚད་དང་ནུས་པ་ཇེ་མཐོར་གཏོང་བར་དམིགས་ཏེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྲུང་སྐྱོབ་ཆེན་མོ་དང་བཅོས་སྐྱོང་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སྟེང་། ཆེད་མཁས་པ་བདུན་གྱིས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་སྒྲོམ་གཞི་དང་བྱེད་ཐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་བྱེད་པ། མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་པ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ་བྱེད་ཐབས་གདམ་གསེས་བྱེད་པ་སོགས་བརྗོད་དོན་ལ་དམིགས་ནས་སློབ་ཁྲིད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།