ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་ཁུལ་སྐྱེ་ཁམས་ཁོར་ཡུག་གི་རྒྱབ་ལྗོངས་ལྟ་ཞིབ་དང་དཔྱད་འཇོག་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད། དེ་ཡང་རང་ཞིང་གི་ས་ཁོངས་ཀྱི་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ཐད་ནས་སྤེལ་བའི་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ཐེངས་ཤིག་ཡིན་པ་དང་། རང་ཞིང་གིས་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མཚོན་ཡོད།
ལས་གཞི་དེར་གཙོ་བོ་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྒྱབ་ལྗོངས་ལྟ་ཞིབ་དང་ཞིབ་བཤེར། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ལྟ་ཞིབ་དང་ཞིབ་བཤེར། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་རིན་ཐང་དཔྱད་རྩིས་དང་བུ་ལོན་གྱི་སྒྲིག་ལུགས། རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་དབང་སྟེར་ཐོ་འགོད། སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་ཕྱོགས་བསྡུས་དཔྱད་འཇོག་དང་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་དཔྱད་འཇོག་དམིགས་ཚད་མ་ལག་གི་འཛུགས་སྐྲུན་བཅས་ཆེད་དོན་ལས་གཞི་དྲུག་འདུས། ལས་གཞི་གཙོ་བོས་མ་ལག་རང་བཞིན་དང་ཚན་རིག་རང་བཞིན། སྔོན་དཔག་རང་བཞིན་བཅས་འབུར་ཐོན་དུ་མངོན་པར་བྱས་ཡོད། མ་ལག་ལྡན་པའི་སྒོ་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དཔྱད་འཇོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཆུ་དང་ནམ་ཟླ། སྲོག་ཆགས་སོགས་རྒྱུ་རྐྱེན་གྱི་རྟོག་ཞིབ་དང་ཕྱོགས་བསྡུས་དཔྱད་འཇོག་བྱས་ཡོད་ལ། འཁྱག་རོམ་འཁྱག་ས་དང་གཏེར་ཁའི་རྟོག་ཞིབ་སོགས་ཆེད་དོན་བཀོད་སྒྲིག་བྱས་ནས་ཕྱོགས་ཡོངས་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ལ་ཞིབ་བཤེར་བྱས།
དེའི་རྨང་གཞིའི་སྟེང་དུ་རང་ཞིང་གིས་མདོ་ལ་རི་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་གནས་ཚུལ་དང་རི་ཆུ་ནགས་གསུམ་དང་མཚོ་ཞིང་རྩྭ་གསུམ་གྱི་བཟོ་སྐྲུན་ཕན་འབྲས་ཀྱི་དཔྱད་འཇོག སྐྱེ་ཁམས་སྣ་མང་ཅན་གྱི་ཞིབ་བཤེར་དང་དཔྱད་འཇོག རང་བྱུང་ཐོན་ཁུངས་ཀྱི་གཅིག་གྱུར་ཐོ་འགོད་དང་རིན་ཐང་དཔྱད་རྩིས། སྐྱེ་ཁམས་མ་ལག་གི་རིན་ཐང་དཔྱད་རྩིས་སོགས་ས་ཁོངས་ཀྱི་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་བྱ་བའི་ནང་དོན་ལ་ཕྱོགས་ཡོངས་ནས་མ་ལག་ལྡན་པའི་སྒོ་ནས་ཞིབ་བཤེར་དཔྱད་འཇོག་བྱས་ཏེ། ས་ཁོངས་ཀྱི་སྣ་མང་རང་བཞིན་དང་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་བཅས་ལ་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ་ཡོངས་འགྲུབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།