2021ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་དུས་ཆེན་གཉིས་སྐབས་སུ་མཁར་གྲོང་གི་དཀའ་ཁག་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེར་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བྱིན། ཁ་གསབ་སྟེར་བའི་ཚད་གཞི་ནི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་རེ་ལ་སྒོར་བརྒྱ་རེ་སྟེར་བ་དང་། ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་ཡུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣ་རེ་རེར་སྒོར་བཞི་བརྒྱ་བྱིན་ལ། རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁ་གསབ་ལོངས་སྤྱོད་བྱེད་པའི་མི་སྣ་དང་ཀྲུང་གོ་གསར་བ་དབུ་བརྙེས་པའི་སྔོན་གྱི་ཏང་ཡོན་རྒན་པ་རེ་རེར་སྒོར་ལྔ་བརྒྱ་དང་དྲུག་ཅུ་རེ་སྟེར་རྒྱུ་རེད། ཐེངས་འདིའི་ཁ་གསབ་ཐད་ནས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་དྲུག་སྟེར་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་མང་ཚོགས་འབུམ་གསུམ་དང་ཁྲི་དྲུག་སྟོང་དགུ་ལྔ་བརྒྱ་ལ་ཕན་འདོགས་ཐུབ་ལ། 2022ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་གྱི་སྔོན་དུ་འཚོ་བའི་ཁ་གསབ་མ་དངུལ་ཐེངས་གཅིག་ལ་ཚད་ལོངས་བའི་སྒོ་ནས་སྟེར་ཚར་བར་བྱེད་རྒྱུ་རེད།
ལོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀའ་ཁག་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། བྱེད་ཐབས་སྣ་ཚོགས་གཅིག་བསྡུས་སྒོས་ཕྱིར་བཏོན་ལ། མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས། སྟོབས་ཤུགས་ཡོད་རྒུས་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་དང་། དམངས་ཚིས་འགན་སྲུང་གི་བདེ་འཇགས་འགོག་ཐིག་སྔར་ལས་ཇེ་བརྟན་དུ་བཏང་། བསྡོམས་རྩིས་བྱས་པ་བརྒྱུད་དེ། རང་ཞིང་གིས2011ལོར་ཐོག་མར་དུས་ཆེན་གཉིས་སྐབས་ཀྱི་འཚོ་བའི་ཁ་གསབ་སྟེར་ཐེངས་གཅིག་བྱས་པའི་ཚུན་དུ། བསྟུད་མར་ལོ་བཅུ་གཅིག་རིང་མཁར་གྲོང་གི་དཀའ་ཁག་མང་ཚོགས་ལ་དུས་ཆེན་གཉིས་སྐབས་ཀྱི་འཚོ་བའི་ཁ་གསབ་བྱིན། བསྡོམས་པས་མཁར་གྲོང་གི་དཀའ་ཁག་མང་ཚོགས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བཞི་སྟོང་དགུ་བཞི་བརྒྱ་ལ་དུས་ཆེན་གཉིས་ཀྱི་འཚོ་བའི་ཁ་གསབ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་གསུམ་ས་ཡ་བརྒྱད་བྱིན།
ཐེངས་འདིར་དུས་ཆེན་གཉིས་ཀྱི་འཚོ་བའི་ཁ་གསབ་སྟེང་ཐེངས་གཅིག་བྱས་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཁར་གྲོང་གི་དཀའ་ཁག་མང་ཚོགས་ལ་ཐུགས་ཁུར་བྱེད་བཞིན་པ་མཚོན་ལ། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་མང་ཚོགས་ཀྱིས་སྤྲོ་སྐྱིད་དང་ཞི་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་ཆེད། གོ་རིམ་རྗེས་མར་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཡོང་སྒོ་མཐོ་བའི་མི་ཚོགས་གཞན་པའི་འཚོ་བའི་གནས་བབ་ལ་དོ་སྣང་ཆེན་པོ་བྱས་པ་དང་། དེའི་ཁྲོད་ཀྱི་དཀའ་ཁག་ཆེ་བའི་དམིགས་བསལ་མི་སྣ་དང་ཁྱིམ་ཚང་ལ། དུས་ཐོག་ཏུ་གནས་སྐབས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཐག་གཅོད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།