ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་སྟེ། ཞི་ཨན་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བས་རྒྱལ་ཡོངས་ཀྱི་དམངས་སེམས་ལ་སྒུལ་ཤུགས་བསྐྲུན། ཟླ་དང་པོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གཞིས་ལས་དོ་དམ་མཐུན་ཚོགས་ཀྱིས་བྱིན་པའི་རིམས་འགོག་དངོས་ཟོག་ཞི་ཨན་གྲོང་ཁྱེར་གཞིས་ལས་དོ་དམ་མཐུན་ཚོགས་ལ་འབྱོར། རིན་ཐང་སྒོར་འབུམ་གཅིག་ཁྲི་གཅིག་ལྷག་གིN95ཅན་གྱི་ཁ་ཐུམ་དང་། ཕྱི་ནད་ཚན་ཁག་གི་ཁ་ཐུམ། སྨན་བཀོལ་འགོག་སྲུང་ལྭ་སོགས་རིམས་ནད་འགོག་སྡོམ་བྱ་བར་དགོས་གལ་ཆེ་བའི་དངོས་ཟོག་རླངས་འཁོར་གང་འདྲུད་དེ། སྤུན་ཟླའི་ཞིང་ཆེན་གྱི་ཐུགས་ཁུར་སྤྱི་ལེ་བརྒྱད་བརྒྱར་བསྐྱོད་ནས་དུས་ལྟར་ཞི་ཨན་ལ་འབྱོར།
ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་ཏུ། ཞི་ཨན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་གྲོང་ཁྱེར་ཡོངས་ལ་བཀག་སྡོམ་བྱས་ཏེ། རིམས་ནད་རྒྱ་ཁྱབ་དང་འགོས་མཆེད་དུ་འགྲོ་བ་འགོག་ཆེད། ཞི་ཨན་གྲོང་ཁྱེར་གྱི་ཕྱིའི་བགྲོད་ལམ་རྒྱ་སྡོམ་བྱས་པ་དང། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་དཀའ་ཁག་མཉམ་སེལ་དང་། དམངས་སེམས་གཅིག་མཐུན་བྱས་ཏེ་ཛ་དྲག་གི་རིམས་འགོག་འཐབ་འཛིང་ཁྲོད་ཞུགས་ཡོད ། ཞི་ཨན་གྲོང་ཁྱེར་གྱི་གཞིས་ལས་ཞབས་ཞུ་ཁེ་ལས་སུམ་སྟོང་ལ་ཉེ་བ་དང་། གཞིས་ལས་མི་སྣ་འབུམ་གཅིག་ལྷག་རིམས་འགོག་བྱ་བའི་ཁྲོད་ཞུགས་ནས། མཉམ་འགོག་མཉམ་སྡོམ་གྱི་མཇུག་མཐའི་སྤྱི་ལེ་གཅིག་བརྟན་སྲུང་བྱས་ཏེ། གྲོང་ཁྱེར་ནང་ཁུལ་གྱི་གཞིས་བདག་བྱེ་བ་གཅིག་དང་ས་ཡ་གསུམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཡོད།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཀྲུང་གོ་གཞིས་ལས་དོ་དམ་མཐུན་ཚོགས་ཀྱི་ཞི་ཨན་གྲོང་ཁྱེར་གཞིས་ལས་དོ་དམ་ལས་རིགས་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་དངོས་ཟོག་སྟེར་བའི་སྐོར་གྱི་གྲོས་འདོན་ཡི་གེ་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གཞིས་ལས་ཁེ་ལས་ཀྱིས་ཧུར་ཐག་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་དུ། ཁོངས་གཏོགས་ལས་ཁུངས་ཉེར་གཅིག་གིས་རང་མོས་ལྟར་སྒོར་འབུམ་གཅིག་ཁྲི་གཅིག་ལྷག་གི་ཞལ་འདེབས་ཕུལ་བ་དང་དུས་ལྟར་རིམས་འགོག་དངོས་ཟོག་ཉོས་ཏེ། ཞི་ཨན་གྲོང་ཁྱེར་གཞིས་ལས་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།