གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་ཆེན་གསུམ་སྟེ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་ཆེན་བཅས་སུ་བུད་མེད་ཀྱི་ཁྱིམ་གཞིས་བཙུགས་ནས། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་ཆེན་དུ་བུད་མེད་ཀྱི་ཁྱིམ་གཞིས་མེད་པའི་སྟོང་ཆ་བསྐངས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཁེབས་ཚད་དང་བྱ་བའི་ཁེབས་ཚད་སྔར་ལས་རྒྱ་སྐྱེད།
བུད་མེད་ཀྱི་ཁྱིམ་གཞིས་ཞེས་པ་ནི་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་རྣམས་གཅིག་ཏུ་བསྡུ་བ་དང་བུད་མེད་ལ་ཞབས་འདེགས་ཞུ་བའི་གཡུལ་ས་བརྟན་པོ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཐུན་ཞབས་ཞུ་ཁྲོད་ཞུགས་པའི་སྟེགས་བུ་གལ་ཆེན་ཡིན། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་ཆེན་གསུམ་དུ་བུད་མེད་ཀྱི་ཁྱིམ་གཞིས་བཙུགས་པ་དེས། བུད་མེད་བྱ་བའི་གཡུལ་སར་རྒྱབ་བརྟེན་ནས། བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་བྱ་བ་སྤེལ་བ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བར་ཕན་འདོགས་ཐུབ་པ་དང་། བུད་མེད་དགེ་རྒན་དང་བུད་མེད་སློབ་མར་སྣེ་ཁྲིད་བྱེད་པ་དང་ཞབས་འདེགས་ཞུ་བ། འབྲེལ་འདྲེས་བྱེད་པར་སྔར་ལས་ཤུགས་སྣོན་ཐུབ་ལ། བུད་མེད་མཛངས་མའི་རིག་སྟོབས་གཅིག་ཏུ་བསྡུས་ནས། མཐོ་རིམ་སློབ་ཆེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་མཛངས་མའི་སྟོབས་ཤུགས་འབུལ་བར་ཕན་འདོགས་ཐུབ།
ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་འཛུགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྲུན་གྱིས་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་རེ་བ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་དུ་ཚོད་ལྟ་བྱེད་པ་བརྒྱུད་དེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དཀའ་ཁག་སེལ་བ་དང་། བུད་མེད་རྩ་འཛུགས་ཀྱི་དྲ་རྒྱ་དེ་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། སྨྱན་བྱད་ལས་རིགས་གསར་པའི་ཕྱོགས་སུ་རྒྱུན་བསྲིང་རྒྱ་སྐྱེད་བྱས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་དང་ཟི་ལིང་ཀོང་ཚའེ་མིན་ཐེན་བྱིས་པའི་མིག་ནད་སྨན་ཁང་། མཚོ་སྔོན་ཏིན་ཐའེ་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས་གསར་གཉིས་རྩ་འཛུགས་དང་གསར་བཞི་ཁྱབ་ཁོངས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བརྒྱ་དང་དོན་བརྒྱད་བཙུགས་པ་དང་བུད་མེད་ཀྱི་ཁྱིམ་གཞིས་བཞི་བརྒྱ་དང་ཞེ་དྲུག་བཙུགས་ཏེ། ཏང་གི་སྲིད་ཇུས་དང་ཐུགས་ཁུར་བུད་མེད་ཚོའི་གྲས་སུ་སྐྱེལ་བ་དང་། བུད་མེད་མང་ཚོགས་སྣེ་ཁྲིད་དང་ཞབས་ཞུ། འབྲེལ་འདྲིས་བྱེད་པའི་འགན་འཁྲི་གཞི་རིམ་དུ་ལག་བསྟར་བྱས།
རིན་ཆེན་མཚོས་བསྒྱུར།