རང་རེའི་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་བུ་བཅོལ་སློབ་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་ཉེ་ལམ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱིས་བུ་བཅོལ་སློབ་གསོའི་བྱ་བ་སྒྲུབ་འགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱིས་པའི་ལྟ་སྐྱོང་ཞབས་ཞུའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོར་བྱིས་པའི་ལྟ་སྐྱོང་ཞབས་ཞུའི་འཕེལ་རྒྱས་བྱ་བ་ཡང་བསྐྱར་སྲིད་གཞུང་གི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཁྲོད་བཞག་པ་དང་།  བྱེད་ཐབས་སྣ་མང་སྤྱད་ནས་རང་རེའི་ཞིང་ཆེན་གྱི་བུ་བཅོལ་སློབ་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ལོ་གཅིག་ནས་ལོ་གསུམ་བར་གྱི་བྱིས་པར་བུ་བཅོལ་སློབ་གསོའི་ཞབས་ཞུ་མཁོ་འདོན་བྱེད་པའི་ལས་ཁུངས་རེ་ལྔ་ཡོད་ལ། ཉིས་སྟོང་ཉེར་གཅིག་ལོར་ལས་ཁུངས་སུམ་ཅུ་ཇེ་མང་ལ་སོང་བ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་གྱ་ལྔ་དང་གྲངས་ཆུང་བདུན་གཅིག་གིས་ཇེ་མང་ལ་སོང་།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉེར་གཅིག་ལོར་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཉིས་བརྩོན་ལེན་བྱས་པ་དང་ལས་གཞི་བཅོ་བརྒྱད་བཀོད་སྒྲིག་བྱས། རང་རེའི་ཞིང་ཆེན་གྱི་བུ་བཅོལ་སློབ་གསོའི་ཞབས་ཞུའི་བྱ་བ་གོ་རིམ་ལྡན་ཞིང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ལས་རིགས་གསོ་སྦྱོང་བྱ་བ་ཧུར་ཐག་སྒོས་སྤེལ། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཀྱི་ད་ཡོད་ཐོན་ཁུངས་ལ་གཞི་བཅོལ་ནས་སྨན་བཅོས་སློབ་གསོ་འདུ་བའི་བྱིས་པའི་ལྟ་སྐྱོང་ཞབས་ཞུ་ཧུར་ཐག་གིས་སྒྲུབ་ནས་དམིགས་བསལ་གྱི་ཁྱིམ་ཚང་ལ་ཁ་གཏད་རང་བཞིན་གྱི་མཛུབ་ཁྲིད་ཞབས་ཞུ་སྒྲུབ།

དེ་དང་མཉམ་དུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བུ་བཅོལ་སློབ་གསོ་སྒྲུབ་པའི་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བུ་བཅོལ་ལས་ཁུངས་ལ་མཉམ་འབྲེལ་ལྟ་ཞིབ་བྱེད་པར་བཀོད་སྒྲིག་བྱས་པ་དང་། ལྟ་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་བཅོས་སྒྱུར་བརྡ་ཐོའམ་འཕྲོད་བསྟེན་ལྟ་རྟོག་བསམ་འཆར་ཡི་གེ་བཏང་།

མི་ཕམ་མགོན་པོས་བསྒྱུར།