ལུགས་གསར་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་སུ་བདེ་འཇགས་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་།
2022.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དང་པོའི་ཚེས་བཞི་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ལུགས་གསར་ལོ་སར་སྐབས་སུ།   ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགོ་ཁྲིད་ལས་བྱེད་པས་ལས་གནས་སུ་ཁྲིད་སྟོན་བྱེད་པ་དང་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་།   སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཉེན་ཁ་འགོག་སྲུང་དང་ཐག་གཅོད་བྱས་པས།   ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཚབས་ཆེན་དང་རང་བྱུང་གནོད་འཚེའི་རིགས་གཅིག་ཀྱང་མ་བྱུང་བ་དང་།  སྤྱིའི་གནས་བབ་ཅུང་གཏན་འཇགས་རེད།

ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གཉིས་ཀྱིས་བརྡ་ཐོ་བཏང་སྟེ།    ལུགས་གསར་ལོ་སར་སྐབས་ཀྱི་བདེ་འཇགས་འགོག་སྲུང་དང་ལས་རེས་དང་བརྡ་འཕྲིན་སྙན་ཞུ་སོགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ།   ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་འགྲིམ་འགྲུལ་སྐྱེལ་འདྲེན།      མེ་འགོག་མེ་གསོད་སོགས་ཁྱབ་ཁོངས་གཙོར་བཟུང་ནས་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་བ་དང་།  དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་ནན་མོ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དུས་ཆེན་སྐྱིད་པོ་ཞིག་རོལ་བར་བདེ་འཇགས་གཏན་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

དུས་ཆེན་སྐབས་སུ།  ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ཏེ།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ལས་རེས་གནས་ཚུལ་ལ་འཐེན་ཞིབ་དང་རྟོག་ཞིབ་བྱས་པ་དང་།    ས་ཁུལ་དང་སྡེ་ཁག་གཙོ་བོའི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད།   ཅང་ཡུག་གྲོང་ཁྱེར་ཧྲོང་ཧུ་གྲོང་རྡལ་གྱི་འགྲིམ་འགྲུལ་དོན་རྐྱེན་སོགས་ཉེ་དུས་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ་འགྲིམ་འགྲུལ་དང་མི་སྣ་འདུ་འཛོམས་བྱེད་ས་སོགས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་བཀོད་སྒྲིག་བཟང་བོ་བྱས།

དེ་དང་མཉམ་དུ།   གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས།  ཁོངས་གཏོགས་ཁུལ་གྱི་མི་སྣ་འདུ་འཛོམས་བྱེད་པ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཚོང་གཉེར་སྡེ་ཁག་དང་།  དེ་མིན་ས་གཤིས་གནོད་འཚེ་ཁུལ་གཙོ་བོ་རུ་ཡུལ་དངོས་རྟོག་ཞིབ་བྱ་བ་སྤེལ་ཏེ་མང་ཚོགས་ཀྱིས་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱས།

                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།