ཐུན་རིན་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་རྨོ་འདེབས་གྲ་སྒྲིག་བྱ་བར་སྐུལ་འདེད་བཏང་།
2022.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།    ཞིང་སྡེའི་དེང་རབས་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།    ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་རྨང་གཞིའི་སྟེང་།   སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་བཀོད་སྒྲིག   སྔ་མོ་ནས་དོན་འཁྱོལ་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་དཔྱིད་དུས་ཀྱི་རྨོ་འདེབས་གྲ་སྒྲིག་གི་བྱ་བ་སོ་སོར་སྔོན་ལ་བཀོད་སྒྲིག་བྱས་ཏེ།   ཉིས་སྟོང་ཉེར་གཉིས་ལོའི་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ།   ཞིང་བའི་ཡོང་འབབ་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་རྨང་གཞི་བརྟན་པོ་བཏིངས།

མིག་སྔའི་རིམས་ནད་འགོག་སྡོམ་དང་རང་བྱུང་གནམ་གཤིས་ཀྱི་གཏན་འཇགས་མིན་པའི་རྒྱུ་རྐྱེན་ལ་དམིགས་ནས།  ཐུན་རིན་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་ད་ལོའི་དཔྱིད་དུས་ཀྱི་རྨོ་འདེགས་གྲ་སྒྲིག་གི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་།  ཞིང་སའི་ས་རྒྱུ་སྲུང་སྐྱོབ་ཁ་གསབ་སོགས་ཞིང་སྟོབས་ཞིང་ཕན་སྲིད་ཇུས་ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ལ།    སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཚན་རིག་རོགས་སྐྱོར་སོགས་བྱེད་ཐབས་སྤྱད་དེ་ཞིང་བའི་འབྲུ་འདེབས་ཀྱི་བརྩོན་སེམས་ཆེ་རུ་བསྐྱེད་པ་དང་།   ཞིང་ལས་ཐོན་སྐྱེད་ཐད་རྒྱུན་མཐུད་ངང་གཏན་འཇགས་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།

ན་ནིང་གི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ།    སྤུས་ཚད་མཐོ་བའི་རོང་འབྲོག་མང་ཚོགས་ཀྱི་སློབ་གསོ་གསོ་སྦྱོང་ལས་གཞིར་བརྟེན་ནས་རིམ་པ་མང་བ་དང་རྣམ་པ་མང་པ།  བྱེད་ཐབས་མང་བའི་ཞིང་ཕྱུགས་ལས་རིགས་ཀྱི་ལག་རྩལ་གསོ་སྦྱོང་གཅིག་བསྡུས་སྒོས་སྤེལ།   མིག་སྔའི་བར།   བསྡོམས་པས་གསོ་སྦྱོང་ཐེངས་ལྔར་སྤེལ་ཏེ་རོང་འབྲོག་མང་ཚོགས་ཉིས་བརྒྱ་དང་ལྔ་བཅུ་ལ་གསོ་སྦྱོང་བྱས་པ་དང་།   གསོ་སྦྱོང་བརྒྱུད་དེ།   རྒྱ་ཆེའི་རོང་འབྲོག་མང་ཚོགས་དག་གི་ཞིང་ལས་ཐོན་སྐྱེད་རྩལ་ནུས་ཇེ་མཐོར་བཏང་བ་དང་།   ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཚན་རྩལ་གྱི་སྟོབས་ཤུགས་གཅིག་བསྡུས་བྱས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།