ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་བྱས།
2022.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

བསྟུད་མར་ཉིན་འགའི་རིང་ལ།   ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་དང་ཆེད་དོན་གྲོས་ཚོགས་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་དང་དྲིལ་བསྒྲགས་བཟང་བོ།   དོན་འཁྱོལ་ནན་མོ་བྱེད་རྒྱུ་ནི་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས།   གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་རྒྱུན་འཁྱོངས་བྱེད་པ།   མཐོ་ས་དང་གནས་བཞི་འཛུགས་སྐྲུན་གཅིག་སྡུད་བྱེད་པ།   ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་སོགས་བྱས་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།  གྲོས་ཚོགས་སྟེང་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམིགས་ནས་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་དགོས།   གནས་བཞི་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་གཙོ་ཁྲིད་དམ་འཛིན་བྱེད་པ་དང་ཐོན་ལས་དར་རྒྱས་གཏོང་དགོས་པ་དང་།    འཕེལ་རྒྱས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་བཟང་བོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྐུལ་སློང་བྱེད་དགོས།  ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་ལོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་མཚོ་ནུབ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དོན་ཚན་ཆེས་ཉུང་བ་དང་གོ་རིམ་ཆེས་སྟབས་བདེ་ཡིན་པ།  ཕན་ནུས་ཆེས་མཐོ་བ།   ཞབས་ཞུ་ཆེས་ལེགས་པའི་ས་ཁུལ་ཏུ་འགྱུར་བར་བྱེད་དགོས།    རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ།   གྲོང་གསེབ་དར་སྤེལ་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སོ་སོ་མཚོ་ནུབ་ནས་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།   གྲོས་ཚོགས་སྟེང་བསྟན་དོན།    བསམ་བློ་དང་འགུལ་སྐྱོད་གཉིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་པ་དང་།   ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་ཆབ་སྲིད།  རིག་གནས།  སྤྱི་ཚོགས་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོར་འདྲེས་པར་བྱེད་པ།   མཚོ་སྔོན་གྱི་དག་གཙང་ནུས་ཁུངས་མཚོ་ལྷོར་ལྟ་བའི་འབད་འཐབ་དམིགས་འབེན་ལ་དམ་པོར་དམིགས་ནས་རླུང་དང་འོད།  ཆུ།  ས་འོག་ཚ་ནུས་བཅས་ཕྱོགས་བཞི་གཞི་གཅིག་གི་དག་གཙང་ནུས་ཁུངས་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ནུས་ཡོད་རྣམ་པར་ཞིབ་འཇུག་གཏིང་ཟབ་བྱེད་པ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར།   ཞབས་ཞུ་ལས་རིགས།   གཞི་གྲངས་ཆེན་པོའི་ཆ་འཕྲིན་ཐོན་ལས་ལག་རྩལ་བཅས་མཉམ་བསྲེས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ནས་སྔར་ལས་གཏན་འཇགས་ཡིན་པའི་གསོག་ནུས་གཙོ་བོའི་ནུས་པ་དང་སྔར་ལས་ཤར་གཏོང་ཐུབ་པའི་ཕྱིར་གཏོང་ནང་འཚོང་གི་གློག་དྲའི་མ་ལག     དེ་མིན་སྔར་ལས་འཐུས་ཚང་ཡིན་པའི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སྦྲེལ་ཐག་བཅས་མངོན་འགྱུར་བཅས་བྱེད་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།   གྲོས་ཚོགས་སྟེང་བྱ་བའི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་མངོན་འགྱུར་བྱེད་ཐབས་ལ་གཅིག་གྱུར་འཆར་འགོད་བྱེད་པ།    བསམ་བློ་དང་འགུལ་སྐྱོད་གཉིས་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་བཅས་བྱས་ནས་བྱ་བའི་དམིགས་འབེན་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས།   ཁུལ་ཡོངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་གཏན་འབེབས་ནན་མོ་བྱེད་པ་དང་།   ལངས་གཟུགས་ཅན་དང་ཟུར་མང་པོའི་སློབ་སྦྱོང་དྲིལ་བསྒྲགས་བྱ་འགུལ་སྤེལ་དགོས།   མཚོ་བྱང་གི་དོན་དངོས་ལ་རྐང་བཙུགས་ཏེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམིགས་ནས་རྟོག་ཞིབ་ནན་མོ་དང་བསམ་གཞིགས་གཏིང་ཟབ་གཏོང་དགོས་པ་དང་།   ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་སྤྱད་དེ་བྱ་བའི་དམིགས་འབེན་སྔར་ལས་གནད་ཕིགས་ཡིན་པ་དང་བྱ་བའི་དོན་འཁྱོལ་སྔར་ལས་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཚོ་བྱང་ནས་དོན་འཁྱོལ་ནན་མོ་བྱེད་པར་འགན་སྲུང་བྱེད་དགོས།  ཁུལ་རིམ་པའི་ཏང་ཡོན་འགོ་ཁྲིད་པས་སྔོན་ལ་སློབ་སྦྱོང་བྱེད་དགོས་པ་དང་།   དུས་ཐོག་ཏུ་གཞི་རིམ་དུ་ཟབ་བྱེད་པ་དང་འབྲེལ་འདྲིས་བྱེད་སར་ཟབ་ཞུགས་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དྲིལ་བསྒྲགས་དང་མཛུབ་སྟོན།  ལྟ་སྐུལ་བྱེད་དགོས་པའི་བླང་བྱ་བཏོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས།   གྲོས་ཚོགས་སྟེང་ལག་ལེན་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་དགོས།   ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་ལ་དམ་དུ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་གཏན་འཇགས་སྲུང་སྐྱོབ།   དམངས་ཚིས་ལེགས་བཅོས་བཅས་ཀྱི་གཙོ་གནས་གསུམ་ལ་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་།   ལས་གཞི་སྔར་ལས་མང་པོ་བརྩོན་ལེན་བྱེད་པ་དང་།  སྐྱེ་ཁམས་ཞིང་ཕྱུགས་ལས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   སྔར་ལས་མང་པོའི་ལས་ཞུགས་གོ་སྐབས་བསྐྲུན་པ་བཅས་ཀྱི་ཐད་ཐོད་བརྒལ་གསར་པ་ཡོད་པར་བྱེད་དགོས།   ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་ཚན་རིག་ལྟར་འཆར་འགོད་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་།    མཐོ་སྒང་གི་བསམ་པའི་དཔལ་ཡོན་གྱི་འགྲེམ་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་གྱི་ཐོག་མའི་འདེམས་ཁུལ།  རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཕན་ཡོད་ཁུལ།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་མཁོ་སྤྲོད་ཁུལ་གཙོ་བོ།   མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་མཚོན་ཁུལ།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་བསྐྲུན་པའི་ཐད་ཤུགས་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།  གྲོས་ཚོགས་ནས་བསྟན་དོན།   གནས་བབ་ལ་དམ་པོར་དམིགས་པ་དང་རྒྱུས་ལོན་ཡང་དག་བྱེད་པ།   གཏན་འཇགས་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།   གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ།    གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་སྤེལ་བ་བཅས་བྱས་ཏེ།    གཏན་འཇགས་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག   སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་འཛུགས་སྐྲུན་བྱེད་དགོས།   ཉིས་སྟོང་ཉེར་གཉིས་ལོའི་སྔོན་དཔག་གི་དམིགས་འབེན་ལ་ཚན་རིག་ལྟར་དབྱེ་ཞིབ་དང་བརྡར་གཅོད།   ཚད་ལེན་ཞིབ་རྩིས་བྱས་ཏེ་ལས་དོན་ཁག་གནད་འཁེལ་དང་དོན་གཉེར།  ཞིབ་ཚགས་ཡོང་བར་བྱེད་དགོས།   ཉིས་སྟོང་ཉེར་གཉིས་ལོའི་དུས་ཚིགས་དང་པོའི་བྱ་བ་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱེད་དགོས་པ་དང་།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་།   རིག་གནས་ཡུལ་སྐོར་མཉམ་བསྲེས།    དག་གཙང་ནུས་ཁུངས།    གྲོང་གསེབ་དར་སྤེལ།   དམངས་ཚིས་འགན་སྲུང་སོགས་བྱེད་ཐབས་གཙོ་བོ་བཅུ་དམ་འཛིན་ནན་མོ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཟང་བོ་ཡོང་རྒྱུ་བརྩོན་ལེན་བྱེད་དགོས།  དམངས་སེམས་ཞེས་པའི་ཆེས་ཆེ་བའི་ཆབ་སྲིད་དེར་དམ་དུ་དམིགས་ནས་ལས་ཞུགས་ལས་སྐྲུན་དང་སློབ་གསོ་སྨན་བཅོས།   བདེ་ཐང་རྒན་གསོ།   རིག་གནས་འདོན་སྤྲོད་སོགས་ཁྱབ་ཁོངས་ལ་ཤུགས་བསྣན་ཏེ་སྟོབས་ཤུགས་ཡོད་རྒུས་དམངས་ཚིས་དོན་དངོས་ཡག་པོར་བསྒྲུབ་དགོས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།