ཀྲུང་གོ་ས་ཡོམ་བརྟག་དཔྱད་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། ས་ཡོམ་བྱུང་སའི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ས་ཡོམ་བྱུང་སའི་སྤྱི་ལེ་ལྔའི་ཁྱབ་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་གསུམ་དང་དྲུག་བརྒྱ་དོན་བཞི་ཡོད། ས་ཡོམ་བྱུང་སའི་མཐའ་འཁོར་དུ་མི་གྲངས་ཅུང་ཉུང་བ་དང་། ཆེས་ཐག་ཉེ་ས་ནི་ཧང་ཁྲུན་སོག་རིགས་ཡུལ་ཚོ་ཡིན་ལ། བར་ཐག་སྤྱི་ལེ་བཅུ་དྲུག་ཡོད། ཐེངས་འདིའི་ས་ཡོམ་བྱུང་བའི་རྗེས་སུ། དུས་ཚོད་གཉིས་དང་སྐར་མ་དགུའི་སྟེང་མིན་ཡོན་རྫོང་གི་མཐའ་འཁོར་དུ་ཡང་བསྐྱར་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་བ་དང་། ས་ཡོམ་བྱུང་སའི་གཏིང་ཚད་ལ་སྤྱི་ལེ་བཅུ་གཉིས་ཡོད། མིག་སྔར་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ལ། གནས་ཚུལ་གཞན་དག་ལ་ཞིབ་བཤེར་བྱེད་ཀྱིན་པའི་སྒང་ཡིན།
ས་ཡོམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་གཉིས་ཀྱིས་མྱུར་དུ་རྒྱལ་ཁབ་རིམ་པ་གསུམ་པའི་ས་ཡོམ་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས། འཕྲལ་བསྟུན་དོ་དམ་པུའུ་དང་ཀྲུང་གོ་ས་ཡོམ་ཅུའུ་ཡིས་མཚན་རྒྱབ་ནས་བྱ་བའི་ཚན་ཆུང་ཡུལ་དངོས་སུ་མངགས་ཏེ་ས་ཡོམ་བྱུང་ས་རུ་གནོད་འཚེའི་ཞིབ་བཤེར་དང་མང་ཚོགས་བཀོད་སྒྲིག ས་ཡོམ་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་སོགས་ཀྱི་བྱ་བར་རོགས་འདེགས་བྱས།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་གི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཡོམ་བྱུང་སའི་མཐའ་འཁོར་གྱི་སྤྱི་ལེ་ལྔའི་ནང་གི་སྡེ་བ་ལ་ལིའུ་ཧང་ཀོའུ་དང་ཆིན་ཧྲ་ཀྲང་། ཧྲི་ལིས་ཝན། ཀྲུང་ཅན་ཀོའུ། ཏ་ཀན་ཧྲ་ཧི་བཅས་ཡོད་པ་དང་། སྤྱི་ལེ་ཉི་ཤུའི་ནང་དུ་ཡུལ་ཚོ་དང་གྲོང་རྡལ་ལ་ཧང་ཁྲུན་སོག་རིགས་ཡུལ་ཚོ་མ་གཏོགས་མེད། ས་ཡོམ་བྱུང་སའི་ལྟེ་གནས་ནས་མིན་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་ང་གསུམ་ཡོད་པ་དང་། ཀན་སུའུ་མིན་ལི་རྫོང་དང་བར་ཐག་སྤྱི་ལེ་གྱ་གསུམ་ཡོད་ལ། ཀན་སུའུ་ཡུང་ཁྲང་རྫོང་དང་བར་ཐག་སྤྱི་ལེ་གྱ་གསུམ་དང་མདོ་ལ་རྫོང་དང་བར་ཐག་སྤྱི་ལེ་གོ་དགུ། མདའ་བཞི་རྫོང་དང་བར་ཐག་སྤྱི་ལེ་བརྒྱ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་བར་ཐག་སྤྱི་ལེ་གོ་དྲུག ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱ་དང་སོ་དྲུག་ཡོད།
ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་ཞེ་བརྒྱད་བར་དུ། བསྡོམས་པས་ཚད་རིམ་གསུམ་ཡན་གྱི་འཕྲོ་ཡོམ་ཐེངས་བཞིར་བྱུང་བ་དང་། དེའི་ནང་ཚད་རིམ་དྲུག་ནས་དྲུག་དང་གྲངས་ཆུང་དགུའི་བར་གྱི་ས་ཡོམ་གཅིག་ཀྱང་བྱུང་མེད་པ་དང་། ཚད་རིམ་ལྔ་ནས་ལྔ་དང་གྲངས་ཆུང་དགུའི་བར་གྱི་ས་ཡོམ་ཐེངས་གཅིག་བྱུང་ལ། ཚད་རིམ་བཞི་ནས་བཞི་དང་གྲངས་ཆུང་དགུའི་བར་གྱི་ས་ཡོམ་ཐེངས་གཅིག་བྱུང་བ་དང་། ཚད་རིམ་གསུམ་ནས་གསུམ་དང་གྲངས་ཆུང་དགུའི་བར་གྱི་ས་ཡོམ་ཐེངས་གཉིས་བྱུང་།
ཆེད་མཁས་པས་བརྟག་དཔྱད་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཡོམ་གཙོ་དང་འཕྲོ་ཡོམ་གཉིས་སུ་འདུག་ལ། འཕྲོ་ཡོམ་གྱི་ཚད་རིམ་ལྔ་ནས་དྲུག་ཡས་མས་ཡིན་པས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་གྱི་བྱ་བ་དང་འཚོ་བར་ཤན་ཤུགས་ཆེན་པོ་མི་འབྱུང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རྒྱུན་ལྡན་ངང་འཚོ་བ་རོལ་ཆོག མིག་སྔར། ཐེངས་འདིའི་ས་ཡོམ་ལ་དྲ་ཐོག་ཏུ་དབྱེ་ཞིབ་དང་ཁ་ཚོན་གཅོད་པའི་རིགས་ནི་གཞུང་ཕྱོགས་ཀྱིས་སྤེལ་བ་མིན་ན། དཀྲོག་གཏམ་ཡིན་པས་གཟབ་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།