མིན་ཡོན་ས་ཡོམ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས།
2022.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་གི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་ཚེས་བརྒྱད་ཉིན་གྱི་སྔ་དྲོར་བསྡུས།

ཚོགས་འདུའི་སྟེང་བསྒྲགས་པ་ལྟར་ན། ཀྲུང་གོ་ས་ཡོམ་བརྟག་དཔྱད་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། ས་ཡོམ་བྱུང་སའི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད།  ཐེངས་འདིའི་ས་ཡོམ་བྱུང་ས་ནི་མིན་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་ང་བཞི་ཡོད་པ་དང་། མདོ་ལ་རྫོང་དང་བར་ཐག་སྤྱི་ལེ་གོ་དགུ་ཡོད་ལ། མདའ་བཞི་རྫོང་དང་བར་ཐག་སྤྱི་ལེ་བརྒྱ་ཡོད་པ་དང་།  ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བརྒྱ་དང་སོ་དྲུག་ཡོད། མཚོ་བྱང་དང་མཚོ་ལྷོ། རྨ་ལྷོ། མཚོ་ཤར། ཟི་ལིང་སོགས་ས་ཁུལ་དུ་ས་ཡོམ་གྱི་ཚོར་སྣང་ཡོད།

ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་བྱས་ཤིང་། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དང་ལས་ཡུལ་དང་པོའི་རྒུད་སྐྱོབ་མི་སྣར་བརྩེ་བའི་འཚམས་འདྲི་བྱས་པ་དང་། ཕྱོགས་ཡོངས་ནས་གནོད་ཐེབས་ས་ཁུལ་གྱི་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྩད་ཞིབ་དཔྱད་འཇོག་བྱས་ཏེ། ཤུགས་ཆེན་པོས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། མང་ཚོགས་ཀྱིས་དྲོད་སྐྱིད་ཀྱི་དགུན་ཞིག་རོལ་བར་ཁག་ཐེག་བྱེད་པའི་ཞོར་དུ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་མོར་སླར་གསོ་བྱེད་དགོས་པའི་རེ་བ་བཏོན། འཕྲལ་བསྟུན་དོ་དམ་པུའུ་དང་ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཅུའུ་ཡིས་ཆེད་མཁས་ཚན་ཆུང་མངག་ནས་གནོད་ཐེབས་ས་ཁུལ་དུ་སོང་། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་དུས་ཐོག་ཏུ་བླང་བྱ་བཏོན་ནས། མི་སྐྱོབ་པའི་བྱ་བ་གཙོར་བཟུང་སྟེ་གནོད་འཚེའི་གནས་ཚུལ་ལ་རྩད་ཞིབ་ནན་མོ་བྱེད་པ་དང་། འཕྲལ་བསྟུན་སྔོན་དཔག་བྱེད་ཐབས་ལག་བསྟར་བྱས་ཏེ། གཅིག་གྱུར་བཀོད་འདོམ་དང་ཆེད་ལས་ཀྱི་རྒུད་སྐྱོབ་སྤེལ་བ། ཤུགས་ཆེན་པོས་རྨས་མའི་གསོ་བཅོས་དང་མང་ཚོགས་ཀྱི་བཀོད་སྒྲིག འཕྲལ་བསྟུན་བདེ་སྲུང་། རིམས་ནད་འགོག་སྡོམ། ཡང་བསྐྱར་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ལ། དུས་ལྟར་ཡང་དག་པའི་སྒོ་ནས་གནོད་ཐེབས་གནས་ཚུལ་ཁྱབ་སྒྲོག་བྱེད་པ་དང་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་གསལ་བོ་བཏབ་ནས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་ཞེ་དྲུག་སྟེང་། མཚོ་སྔོན་ཞིང་ཆེན་གནོད་སེལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་རིམ་པ་གཉིས་པའི་གནོད་སྐྱོབ་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས། དུས་ཚོད་བཞི་དང་སྐར་མ་ཞེ་ལྔའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་གི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་གྱི་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བརྙན་ལམ་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། ས་ཡོམ་གྱི་གནོད་པ་ཐེབས་པའི་ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་གཞི་རྩའི་གནས་ཚུལ་སྙན་ཞུ་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་རྩད་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་ཏེ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བླ་མེད་གཉིས་ཀྱི་རེ་བ་གལ་ཆེན་དོན་འཁྱོལ་བྱེད་དགོས་པའི་རེ་བ་བཏོན། གཅིག་ནས་རྩད་ཞིབ་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། མཚོ་བྱང་དང་མཚོ་ནུབ། ཟི་ལིང་། མཚོ་ཤར་བཅས་ཀྱི་ས་འགུལ་གྱི་ཚོར་སྣང་ཡོད་པའི་ས་ཁོངས་སུ་ཕྱོགས་ཡོངས་ནས་རྩད་ཞིབ་བྱས་ནས་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པར་བྱེད་དགོས་ལ། རྨས་སྐྱོན་ཕོག་པའི་མི་སྣ་རྙེད་ན་དུས་ལྟར་གསོ་བཅོས་བྱེད་དགོས། དབུལ་ཕོངས་མང་ཚོགས་དང་དམིགས་བསལ་མི་ཚོགས་གཙོར་འཛིན་དགོས། གཉིས་ནས་བརྡ་འཕྲིན་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས། དུས་ལྟར་འཕྲལ་བསྟུན་དོ་དམ་པུའུ་སོགས་ཀྱི་བར་འབྲེལ་འདྲིས་མཐུན་སྦྱོར་བྱས་ཏེ། བརྡ་འཕྲིན་བཀག་མེད་ཡོང་བར་འགན་སྲུང་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་པའི་སྒོ་ནས་རྒུད་སྐྱོབ་དང་རྩད་ཞིབ། དཔྱད་འཇོག་བཅས་བྱས་ནས་དུས་ལྟར་བརྡ་འཕྲིན་སྤེལ་ཏེ་མང་ཚོགས་ཀྱི་སེམས་ཁྲལ་སེལ་དགོས། གསུམ་ནས་ཉེན་གཡོལ་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས། མྱུར་མོར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་པ་དང་། མི་སྣ་བཀོད་སྒྲིག་དང་ལས་རེས་བྱ་བར་ཤུགས་སྣོན་བྱས་ཏེ། ཤུགས་ཆེན་པོས་བཀོད་སྒྲིག་བྱེད་སའི་དྲོད་སྲུང་དང་། སྤྱོད་ཁང་། གློག་འདོན། བཟའ་བཏུང་། ནད་བཅོས་སོགས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། བཞི་ནས་རྨང་གཞིའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། གནོད་ཐེབས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དང་རིམས་ནད་འགོག་སྡོམ་གྱི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འཕྲིན་གཏོང་དང་དྲ་རྒྱ། འགྲིམ་འགྲུལ། ཆུ་འདོན། གློག་འདོན། དྲོད་འདོན་སོགས་ཀྱི་བྱ་བ་རྒྱུན་ལྡན་ཡོང་བར་འགན་སྲུང་བྱེད་དགོས། ལྔ་ནས་གཅིག་གྱུར་བཀོད་འདོམ་ལ་ཤུགས་སྣོན་དགོས། ཁུལ་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིན་དུ་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཕན་ནུས་མཐོ་བའི་གཅིག་གྱུར་གྱི་རྒུད་སྐྱོབ་བཀོད་འདོམ་མ་ལག་བཙུགས་ཏེ། ཧུར་ཐག་སྒོས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དག་སྐུལ་སློང་བྱས་ཏེ་རོགས་རེས་རྒུད་སྐྱོབ་བྱ་བ་སྤེལ་ནས། དུས་ཡུན་ཐུང་ངུའི་ནང་གང་ནུས་ཅི་ལྕོགས་ཀྱིས་གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་དགོས།

བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མིག་སྔར་རང་ཞིང་གི་འཕྲལ་བསྟུན་དང་འགྲིམ་འགྲུལ། སྡོད་ཁང་འཛུགས་སྐྲུན། ཆུ་བེད། རང་བྱུང་ཐོན་ཁུངས། གློག་ཤུགས། འཕྲིན་གཏོང་། འཕྲོད་བསྟེན། སློབ་གསོ་བཅས་སྡེ་ཁག་གིས་བསྡོམས་པས་མི་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་དང་རླངས་འཁོར་ཉིས་བརྒྱ་དང་ཉི་ཤུ་ལྷག་མངག་གཏོང་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་སྡོད་ཁང་བདེ་འཇགས་དང་གློག་ཤུགས་མཁོ་འདོན། འཕྲིན་གཏོང་དྲ་རྒྱ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་བདེ་སྲུང་། གཞུང་ལམ་འགྲིམ་འགྲུལ། ཆུ་བེད་བཟོ་སྐྲུན། ཆུ་སྤུས་ཚད་འཇལ། ས་གཤིས་གནོད་འཚེ། དངོས་ཟོག་འགན་སྲུང་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྩད་ཞིབ་བྱེད་བཞིན་ཡོད། རྩད་ཞིབ་རགས་ཙམ་བྱས་པ་བརྒྱུད་མིག་སྔར་གནོད་ཐེབས་ས་ཁུལ་གྱི་འཕྲིན་གཏོང་དྲ་རྒྱ་གེགས་མེད་ཡིན་པ་དང་། སྤྱི་ཚོགས་བདེ་སྲུང་གཏན་འཇགས་ཡིན་ལ། གཞུང་ལམ་འགྲིམ་འགྲུལ་གེགས་མེད་ཡིན་པར་མ་ཟད། འཐུང་ཆུའི་བཟོ་སྐྲུན་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་མེད། གནོད་ཐེབས་ས་ཁུལ་སྐོར་ཞིག་གི་གློག་འདོན་བྱ་བ་མྱུར་མོར་སླར་གསོ་བྱེད་བཞིན་ཡོད། མིན་ཡོན་རྫོང་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ས་ཡོམ་བྱུང་ས་གཙོ་བོ་ཧོང་ཁྲིན་ཡུལ་ཚོ་རུ་བར་འཚང་ཅན་གྱི་རས་གུར་ལྔ་བཅུ་བྱིན་པ་དང་། གསོག་གྲབས་བྱས་པའི་དངོས་རྫས་གཞན་པས་མིག་སྔའི་དགོས་མཁོ་ཕལ་ཆེར་བསྐང་ཐུབ།

ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར་དུ། མིན་ཡོན་རྫོང་དུ་བསྡོམས་པས་མི་བཞིར་རྨས་ཡང་མོ་ཕོག་པ་དང་། མི་བཞི་བོར་གསོ་བཅོས་བྱས་རྗེས་ཕྱིར་རང་ཁྱིམ་དུ་ལོག་ཡོད།

ཚོགས་འདུའི་སྟེང་བསྒྲགས་པ་ལྟར་ན། ས་ཡོམ་བྱུང་རྗེས། ཞིང་ཆེན་ས་ཡོམ་བརྟག་དཔྱད་ཅུའུ་ཡིས་ས་ཡོམ་གནོད་འཚེའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས་ཏེ། དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་བྱ་བའི་རུ་ཁག་མངགས་ཏེ་ཡུལ་དངོས་སུ་རོགས་སྐྱོར་བྱ་བ་སྤེལ་བ་དང་། ཅུའུ་ཡོངས་ཀྱི་ལས་བྱེད་མི་སྣ་ཡོངས་ལས་གནས་སུ་འབྱོར་ཏེ་སྔོན་ཇུས་ལྟར་འབྲེལ་ཡོད་འཕྲལ་བསྟུན་ཐག་གཅོད་བྱ་བ་སྤེལ་ཡོད། གཅིག ཞིབ་འཇུག་བརྡར་གཅོད་བྱས་པའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ཡིས་དུས་ཚོད་གཉིས་དང་ཕྱེད་ཀ་དང་དུས་ཚོད་བཞི། དུས་ཚོད་དགུའི་སྟེང་བཅས་ལ་སོ་སོར་ཀྲུང་གོ་ས་ཡོམ་བརྟག་དཔྱད་དྲ་བའི་ལྟེ་གནས་དང་ཀྲུང་གོ་ས་ཡོམ་ཅུའུ་ས་ཡོམ་སྔོན་དཔག་ཞིབ་འཇུག་ཁང་། ཀན་སུའུ་ཞིང་ཆེན་ས་འགུལ་ཅུའུ་བཅས་དང་མཉམ་དུ་བྲེལ་མྱུར་གྲོས་མོལ་བྱས་ཏེ། ས་ཡོམ་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། ཆེད་མཁས་པས་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཡོམ་གཙོ་དང་འཕྲོ་ཡོམ་གཉིས་སུ་འདུག་ལ། ཡོམ་འཕྲོའི་ཚད་རིམ་ལྔ་ནས་དྲུག་ཡས་མས་ཡིན་པས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་གྱི་བྱ་བ་དང་འཚོ་བར་ཤན་ཤུགས་ཆེན་པོ་མི་འབྱུང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རྒྱུན་ལྡན་ལྟར་འཚོ་བ་རོལ་ཆོག གཉིས། ཡུལ་དངོས་བྱ་བ་སྤེལ་བའི་གནས་ཚུལ། མཚོ་སྔོན་ས་ཡོམ་ཅུའུ་ཡིས་ཅུའུ་ཀྲང་གཞོན་པ་ཝང་ཧེ་གུང་གིས་སྣེ་ཁྲིད་པའི་ཡུལ་དངོས་ས་ཡོམ་འཕྲལ་བསྟུན་བྱ་བའི་ཚན་ཆུང་མངགས་པ་དང་། བསྡོམས་པས་མི་ཞེ་གཅིག་དང་རླངས་འཁོར་བརྒྱད་ཡུལ་དངོས་སུ་འབྱོར་ཡོད་པར་མ་ཟད། འགུལ་སྐྱོད་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཆ་ཚང་བཞི་ཡིས་ཡུལ་དངོས་སུ་འགུལ་སྐྱོད་ཚད་འཇལ་བྱས་པ་དང་། མི་མེད་གནམ་གྲུ་གཉིས་བཀོལ་ནས་ཡུལ་དངོས་སུ་་བརྟག་དཔྱད་བྱ་བ་སྤེལ། སྐོར་དང་པོའི་ཡུལ་དངོས་བྱ་བའི་རུ་ཁག་དུས་ཚོད་ལྔའི་སྟེང་དུ་མིན་ཡོན་རྫོང་དུ་འབྱོར་ཏེ་ཡུལ་དངོས་འཕྲལ་བསྟུན་བཀོད་འདོམས་པུའུ་བཙུགས།  བྱ་བའི་རུ་ཁག་དང་མིན་ཡོན་རྫོང་སྲིད་གཞུང་གཉིས་ཀྱིས་བྱ་བ་སྦྲེལ་མཐུད་བྱས་པ་དང་ཧུར་ཐག་གིས་ཕན་ཚུན་བར་མཐུན་སྦྱོར་རོགས་རེས་བྱས་པར་མ་ཟད། བསྡུ་རུབ་བྱས་པའི་ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་མཉམ་སྤྱོད་བྱས། གསུམ། འཕྲོ་ཡོམ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གནསཚུལ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་བར། བསྡོམས་པས་ཚད་རིམ་གསུམ་དང་དེའི་ཡན་གྱི་ས་ཡོམ་ཐེངས་བརྒྱད་བྱུང་བ་དང་། དེའི་ནང་ཚད་རིམ་དྲུག་ནས་དྲུག་དང་གྲངས་ཆུང་དགུ་བར་གྱི་ས་ཡོམ་གཅིག་ཀྱང་མ་བྱུང་ལ། ཚད་རིམ་ལྔ་ནས་ལྔ་དང་གྲངས་ཆུང་དགུ་བར་གྱི་ས་ཡོམ་ཐེངས་གཅིག་བྱུང་བ་དང་། ཚད་རིམ་བཞི་ནས་བཞི་དང་གྲངས་ཆུང་དགུ་བར་གྱི་ས་ཡོམ་ཐེངས་གཅིག་དང་ཚད་རིམ་གསུམ་ནས་གསུམ་དང་གྲངས་ཆུང་དགུའི་བར་གྱི་ས་ཡོམ་ཐེངས་དྲུག་བཅས་བྱུང་།

ཚོགས་འདུའི་སྟེང་ད་དུང་མཚོ་བྱང་ཁུལ་མིན་ཡོན་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཡི་ས་ཡོམ་བྱུང་བར་ཉེན་སེལ་རོགས་སྐྱོབ་བྱས་པའི་གནས་ཚུལ་བསྒྲགས། ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཉེན་སེལ་སྤྱི་ཁྱབ་རུ་ཁག་གིས་དུས་ཚོད་དང་པོའི་ནང་ས་ཡོམ་འཕྲལ་བསྟུན་རོགས་སྐྱོབ་བྱ་བའི་སྔོན་དཔག་ཇུས་གཞི་ལག་བསྟར་བྱས་པ་དང་། མཚོ་བྱང་ཡན་ལག་རུ་ཁག་དང་། ཟི་ལིང་ཡག་ལག་རུ་ཁག་གི་ཉེན་སེལ་རླངས་འཁོར་ཉེར་ལྔ་དང་ཉེན་སེལ་མི་སྣ་བརྒྱ་དང་སོ་བདུན་་མིན་ཡོན་རྫོང་ཧོང་ཁྲིན་ཡུལ་ཚོ་རུ་མངགས། མིན་ཡོན་ཡན་ལག་རུ་ཆེན་སྔོན་སྐྱོད་རུ་ཁག་གི་རླངས་འཁོར་བཞི་དང་ཉེན་སེལ་མི་སྣ་བཅུ་དགུ་དུས་ཚོད་གསུམ་དང་སྐར་མ་ཞེ་གཅིག་སྟེང་ཡོམ་ཁུལ་དུ་སླེབས། སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། རོགས་སྐྱོབ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཡོམ་ཁུལ་དུ་ཐོན་ནས་རོགས་སྐྱོབ་བྱ་བ་སྤེལ། དེ་དང་མཉམ་དུ། ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་ལྷོ། རྨ་ལྷོ། མགོ་ལོག  ཡུས་ཧྲུའུ། ན་གོར་མོ་བཅས་ནས་བསྡོམས་པས་ས་ཡོམ་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པ་དྲུག་བརྒྱ་ཞེ་བཞི་དང་། ཉེན་སེལ་རླངས་འཁོར་བརྒྱ་དང་ཞེ་བདུན་གྱིས་དུས་ལྟར་བཀའ་ལ་སྒུག་ཡོད།

འཕྲལ་བསྟུན་དོ་དམ་པུའུ་དང་། ཉེན་སེལ་རོགས་སྐྱོབ་ཅུའུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། སྤྱི་ཁྱབ་རུ་ཁག་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གནོད་ཁུལ་དུ་ཐོན་རྗེས་དུས་ཐོག་ཏུ་རོགས་སྐྱོབ་བྱ་བ་སྤེལ་བ་དང་། ཡུལ་དངོས་སུ་རོགས་སྐྱོབ་སྟོབས་ཤུགས་ཚན་ཆུང་ལྔ་རུ་བགོས་ནས་འཚོལ་སྐྱོབ་བྱ་བ་སྤེལ། སྔ་དྲོའི་དུས་ཚོད་བཅུའི་བར་དུ། ཡུལ་དངོས་སུ་རོགས་སྐྱོབ་བྱེད་མཁན་གྱིས་ཡོམ་ཁུལ་གྱི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་ཁྱིམ་ཚང་བཞི་བརྒྱ་དང་བཞི་བཅུ་ལྷག་ལ་ཞིབ་བཤེར་བྱས་པ་དང་། མང་ཚོགས་རེ་གསུམ་བདེ་འཇགས་ས་ཁུལ་དུ་བསྐྱལ།

གོ་རིམ་རྗེས་མར་ཉེན་སེལ་རོགས་སྐྱོབ་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་ཁའི་གནས་ཀྱི་མང་ཚོགས་ལ་རོགས་སྐྱོབ་བྱེད་པ་ལས་འགན་དང་པོར་བཞག་ནས་གནོད་ཁུལ་གྱི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་དང་སྟོབས་ཤུགས་བཀོད་གཏོང་འོས་འཚམ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་ནས་མི་གཅིག་ཀྱང་མི་ལུས་པར་འགན་སྲུང་བྱ་རྒྱུ་ཡིན་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཉེན་ཁ་རིགས་སོ་སོར་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། གནོད་ཁུལ་གྱི་སྐོར་ཞིབ་འགོག་སྡོམ་ལ་ཤུགས་བསྣན་ནས་གནོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞིང་། རང་འགུལ་སྒོས་གོ་རིམ་ཡོད་པའི་སྒོ་ནས་འབྲེལ་ཡོད་སྡེ་ཁག་དང་ཉེན་སེལ་བྱ་བ་སྤེལ་བར་སྦྲེལ་མཐུད་བྱས་ཏེ། མང་ཚོགས་ཀྱི་གནོད་ཁུལ་འཚོ་བར་ཞབས་འདེགས་ཞུ་རྒྱུ་རེད།