གསར་འགོད་པས་ཉེ་ལམ་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་སྲིད་གཞུང་གི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། དུས་བཀག་ལྟར་ཞིང་ཆེན་སྲིད་གཞུང་གིས་འགྲེམ་སྤེལ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དབང་བོ་སྐྱོན་ཅན་གྱི་འགན་སྲུང་དང་འཕེལ་རྒྱས་འཆར་འགོད་ཁྲོད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་ཆེད། རང་ཞིང་གིས་ལུས་གསོ་ཞབས་ཞུ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་དང་དམིགས་བསལ་སློབ་གསོ་མཐོར་འདེགས་འགུལ་སྐྱོད། བཀག་མེད་ཁོར་ཡུག་འཛུགས་སྐྲུན་མཐོར་འདེགས་འགུལ་སྐྱོད། རིག་གནས་ལུས་རྩལ་མཐོར་འདེགས་འགུལ་སྐྱོད། མཉམ་བསྲེས་འཕེལ་རྒྱས་ཁོར་ཡུག་མཐོར་འདེགས་འགུལ་སྐྱོད་བཅས་འགུལ་སྐྱོད་ཆེན་པོ་བཞི་ལག་བསྟར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སྤྱི་ཐུན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་རྒྱུན་མཐུད་ངང་གནད་ཕིགས་ལུས་གསོ་ཞབས་ཞུའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རང་བཞིན་གྱི་ཟུར་རོགས་ཡོ་བྱད་སྡེབས་སྒྲིག་ཁ་གསབ་བྱ་བ་སྤེལ་བར་སྐུལ་འདེད་བཏང་ནས། དགོས་མཁོ་ཡོད་པའི་དབང་བོ་སྐྱོན་ཅན་ལ་ཟུར་རོགས་སྡེབས་སྒྲིག་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་ཁང་གན་འཇོག་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བ་དང་། དབང་བོ་སྐྱོན་ཅན་གྱི་བདེ་ཐང་དོ་དམ་ལ་ཤུགས་བསྣན་ནས། གཞིས་ཁུལ་གྱི་ལུས་གསོ་ལས་ཁུངས་དོ་དམ་འཁོར་རྒྱུག་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ལ། དམིགས་བསལ་སློབ་གསོ་ཕྱོགས་ནས། སློབ་གསོ་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་སྐབས་གསུམ་པའི་དམིགས་བསལ་སློབ་གསོའི་མཐོར་འདེགས་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། དམིགས་བསལ་སློབ་གསོའི་འགན་སྲུང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དམིགས་བསལ་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་སྟེ། འོས་འགན་སློབ་གསོ་དུས་རིམ་གྱི་ལོ་ན་རན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭ་ཞུགས་པར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད། རིག་གནས་ལུས་རྩལ་ཕྱོགས་ནས། རྒྱུན་མཐུད་ངང་དབང་བོ་སྐྱོན་ཅན་གྱི་རིག་གནས་གཟའ་འཁོར་དང་ལོང་བའི་དྲ་ཐོག་དཔེ་ཀློག་བཟོ་སྐྲུན། རིག་གནས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དུ་སྐྱེལ་བའི་གཅིག་ཅན་ལྔ་ཡི་བཟོ་སྐྲུན་སོགས་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།