མཚོ་བྱང་ཁུལ་དུ་བཟའ་བཅའི་རིགས་འདང་ངེས་ཡོད་པ་དང་རིན་གོང་བརྟན་འཇགས་ཡིན།
2022.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་རྗེས།    ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་དང་པོའི་ནང་འཕེལ་རྒྱས་བཅོས་སྒྱུར་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་འཕྲལ་བསྟུན་སྔོན་ཇུས་དང་ཁྲོམ་རའི་རིན་གོང་གཏན་འཇགས་ཡོང་བ།   འབྲུ་རིགས་མཁོ་སྤྲོད་སོགས་ཆེད་སྤྱོད་སྔོན་ཇུས་ལག་བསྟར་བྱས།        མིག་སྔར།   མཚོ་བྱང་ཁུལ་དང་མིན་ཡོན་རྫོང་དུ་འབྲུ་རིགས་དང་བཟའ་སྣུམ།   ཤ་ཡི་རིགས།    སྔོ་ཚོད་སོགས་ཚོང་རྫས་འདང་ངེས་ཡོད་པ་དང་མཁོ་སྤྲོད་རྒྱུན་ལྡན་ཡིན་ལ།  རིན་གོང་བརྟན་འཇགས་ཡིན།

ས་ཡོམ་བྱུང་རྗེས།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲུ་རིགས་ཁོངས་གཏོགས་རྩ་འཛུགས་བྱས་ཏེ་ས་ཡོམ་གྱི་ཚོར་སྣང་ཡོད་པའི་མཚོ་བྱང་དང་མཚོ་ནུབ།   མཚོ་ལྷོ།  ཟི་ལིང་།   མཚོ་ཤར་བཅས་ས་ཁུལ་ལྔ་ཡི་འབྲུ་མཛོད་ལ་ཞིབ་བཤེར་ནན་མོ་བྱས་པ་དང་།    མཚོ་བྱང་ཁུལ་མིན་ཡོན་རྫོང་གི་འབྲུ་སྣུམ་ཉོ་འཚོང་ཀུང་ཟིའི་འབྲུ་མཛོད་གཉིས་པ་དང་གསུམ་པར་གས་སྲུབས་ཅུང་ཙམ་ཡོད་ནའང་།    འབྲུ་རིགས་གསོག་འཇོག་ཐད་ཤུགས་རྐྱེན་ཅི་ཡང་མེད།    མདོ་ལ་རྫོང་འབྲུ་སྣུམ་ཉོ་འཚོང་ཀུང་ཟིའི་འཁོར་རྒྱུག་འབྲུ་མཛོད་ཀྱི་གྱང་ངོས་ལ་གས་སྲུབས་ཡོད་པ་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་ཧུའུ་ཀྲུའུ་རྫོང་གི་འབྲུ་སྣུམ་ཉོ་འཚོང་ཀུང་ཟིའི་འབྲུ་མཛོད་ཁ་ཤས་ཀྱི་གྱང་ངོས་ལ་གས་སྲུབས་ཡོད།  ཟི་ལིང་དང་མཚོ་ལྷོ།  མཚོ་ནུབ་བཅས་ཀྱི་འབྲུ་མཛོད་རྒྱུན་ལྡན་ཡིན།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་ཞིང་ཆེན་འབྲུ་རིགས་མ་ལག་སོགས་དང་མཐུན་སྦྱོར་བྱས་ཏེ་འབྲུ་སྣུམ་དང་ཞིང་ཐོན་དངོས་རྫས་གྲབས་གསོག་བྱ་བ་བཟང་པོར་བསྒྲུབས་པ་དང་།  འཕྲུལ་བསྟུན་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་གནོད་ཁུལ་གྱི་དངོས་ཟོག་འགན་སྲུང་བྱ་བ་བཟང་པོར་བསྒྲུབས།   མིག་སྔར།   ཞིང་ཆེན་འབྲུ་རིགས་མ་ལག་གིས་མཚོ་བྱང་དང་ཟི་ལིང་སོགས་ཁུལ་དང་གྲོང་ཁྱེར་ལྔ་རུ་འབྲུ་སྣུམ་ཏུན་འབུམ་བརྒྱད་ལྷག་གྲབས་གསོག་བྱས་ཡོད་པ་དང་།    དེའི་ནང་མཚོ་བྱང་ཁུལ་དུ་འབྲུ་སྣུམ་ཏུན་ཁྲི་གཉིས་ལྷག་གྲབས་གསོག་བྱས་ཡོད།   མདོ་དབུས་མཐོ་སྒང་ཞིང་ཐོན་དངོས་རྫས་བསྡུ་འགྲེམ་ལྟེ་གནས་ཀྱིས་འབྲུ་སྣུམ་ཏུན་ལྔ་བརྒྱ་ཉི་ཤུ་དང་སྔོ་ཚོད་ཏུན་སྟོང་གཅིག་དང་ཉེར་གཅིག་ལྷག   སིལ་ཏོག་ཏུན་སྟོང་གསུམ་དང་ལྔ་ལྷག    སྒོ་ང་ཏུན་གྱ་བཞི་ལྷག་བཅས་གསོག་ཉར་བྱས་ཡོད་པ་དང་།  མིན་ཡོན་རྫོང་དུ་དངོས་ཟོག་ཏུན་ལྔ་བཅུ་ལྷག་གིས་རོགས་འདེགས་བྱས་ཏེ་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བར་འགན་སྲུང་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་བཟའ་བཅའ་རིགས་སུམ་ཅུའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱས་པའི་རྨང་གཞིའི་སྟེང་།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གནོད་ཁུལ་དུ་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་བྱ་བ་མགྱོགས་མྱུར་གྱིས་སྤེལ་ཏེ། རིན་གོང་ལྟ་སྐུལ་དོ་དམ་ལམ་ལུགས་ལ་ཤུགས་བསྣན་པ་དང་ཁྲོམ་རའི་དངོས་ཟོག་མཁོ་སྤྲོད་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་བཟང་པོ་བྱས།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།