མཚོ་སྔོན་དང་ཞིན་ཅང་གཉིས་ཀྱིས་མཉམ་འབྲེལ་སྒོས་དགུན་དུས་ཀྱི་ཁོངས་བརྒལ་སྐོར་ཞིབ་སྲུང་སྐྱོབ་བྱ་བ་སྤེལ།
2022.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དང་པོའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དང་ཞིན་ཅང་གཉིས་ཀྱི་དགུན་དུས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁོངས་བརྒལ་མཉམ་འབྲེལ་སྐོར་ཞིབ་བྱ་བ་མཇུག་བསྒྲིལ་བ་དང་། སྐོར་ཞིབ་མི་སྣས་ས་ངོས་སྐོར་ཞིབ་དང་མི་བསྡད་མེད་པའི་གནམ་གྲུས་རྒྱང་ལྟ་ལྟ་ཞིབ་བྱེད་པ་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ། ཁུ་ནུ་རི་བོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་ཨར་ཅིན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། ན་གོར་མོ་དང་མང་ཨེ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ས་བཅས་ལ་རྒྱུན་སྲོལ་རང་བཞིན་གྱི་སྐོར་སྲུང་བྱས།

ཐེངས་འདིའི་སྐོར་ཞིབ་ཐད་ནས་མཚོ་འཕགས་སྨི་སྟོང་གསུམ་བརྒྱ་དང་གོ་བརྒྱད་ནས་མཚོ་འཕགས་སྨི་སྟོང་བཞི་དང་བརྒྱད་བརྒྱ་སོ་གཉིས་བར་གྱི་ཁུལ་ཁོངས་ནང་གི་ནགས་ཁུལ་དང་རྩྭ་ཐང་། ས་གཤིས་སྤྱི་གླིང་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་སྤེལ་བ་དང་། དེའི་དམིགས་འབེན་ནི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བྱེད་པ་དང་རི་སྐྱེས་སྲོག་ཤགས་ལྐོག་རྔོན་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་བྱེད་པ་དང་། ཁྲིམས་དང་འགལ་ནས་གཏེར་ཁ་སྔོག་འདོན་དང་རྡོ་ཟེགས་སྔོག་འདོན་བྱེད་པ་སོགས་ཁྲིམས་འགལ་ཉེས་བཟོ་སྤྱོད་ཚུལ་ལ་ཁྱོན་ཡོངས་ནས་རྟོག་སེལ་བྱས། དེ་དང་མཉམ་དུ། མེ་སྐྱོན་གྱི་ཁུངས་ལ་དོ་དམ་ཚོད་འཛིན་བྱེད་པ་དང་། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་རྟོག་སེལ་བྱེད་པ། མཐའ་མཚམས་སོ་སོའི་སྐོར་སྲུང་གནས་ཚུལ་གྱི་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ནས། དུས་ཐོག་ཏུ་རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་བཀག་འགོག་བྱས།

སྐོར་ཞིབ་སྲུང་སྐྱོབ་བྱ་བ་དེ་རང་ཞིང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྤྱི་བདེ་ལས་ཁུངས་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག་དང་ཏུའུ་ལན་རྫོང་སྤྱི་བདེ་ཅུའུ། ཞིན་ཅང་པཱ་ཀྲིག་སྤྱི་བདེ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་དང་། སྐོར་སྲུང་རུ་ཁག་གི་རུ་མིས་མཐོ་སྒང་གི་དབྱང་དབུགས་དཀོན་པ་དང་གནམ་གཤིས་ཞན་པ་སོགས་ཀྱི་དཀའ་ཁག་ཁྱད་དུ་བསད་དེ། སྐོར་ཞིབ་སྲུང་སྐྱོབ་ལས་འགན་ཡོངས་འགྲུབ་བྱས་པ་དང་། འགུལ་སྐྱོད་ཁྲོད་ཁྲིམས་དང་འགལ་ནས་ཁུལ་ཁོངས་སུ་འགྲོ་བ་དང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་པ། ཁྲིམས་འགལ་ངང་རི་དྭགས་ལྐོག་ཏུ་རྔོན་པ་སོགས་ཀྱི་ཁྲིམས་འགལ་ཉེས་བཟོ་སྤྱོད་ཚུལ་གཅིག་ཀྱང་མ་རྙེད།

རིན་ཆེན་མཚོས་བསྒྱུར།