རང་ཞིང་གིས་བྱེ་འགོག་བྱེ་བཅོས་བྱ་བར་གཟེངས་བསྟོད་ཁྱབ་བསྒྲགས་བྱས།
2022.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་བྱེ་འགོག་བྱེ་བཅོས་བྱ་བར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཁྱབ་བསྒྲགས་གཟེངས་བསྟོད་ཐོབ། དཔྱད་འཇོག་བརྒྱུད་དེ། ནང་སོག་དང་མཚོ་སྔོན། ཞིན་ཅང་། ཧའེ་ལུང་ཅང་། བོད་ལྗོངས། ཧི་པེ། ཧྲན་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་ཐོབ་སྐར་བྱ་བ་འབུར་དུ་ཐོན་པའི་ཚད་གཞི་རུ་སླེབས་པ་དང་། ཞིབ་དཔྱད་རིམ་པ་བྱ་བ་འབུར་ཐོན་ཡིན་པའི་ཚད་དུ་སླེབས་ཡོད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་མྱུར་ཚད་མཐོར་འདེགས་ལོ་གསུམ་འགུལ་སྐྱོད་བྱེད་པ་བྱེད་ཐབས་སུ་བྱས་ནས། བྱང་གསུམ་འགོག་སྲུང་ནགས་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ། ཕྱུགས་འགོག་རྩྭ་གསོ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་ལ་གཅིག་གྱུར་འཆར་འགོད་བྱས། དེའི་སྐབས་སུ། སྲིད་ཇུས་ཀྱི་རོགས་སྐྱོར་དང་རྩ་འཛུགས་ཀྱི་འགན་སྲུང་། མ་དངུལ་གཏོང་བ། དམིགས་འབེན་དཔྱད་ཞིབ་སོགས་བྱེད་ཐབས་ཆ་ཚང་སྤྱད་དེ། བྱེ་འགོག་བྱེ་བཅོས་ཐད་ནས་ལྗང་བསྒྱུར་བརྒྱུད་དེ་བྱེ་འགོག་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ས་རྒོད་ཅན་དང་བྱེ་འགྱུར་ས་ཞིང་ཐད་ནས་རྒྱུན་མཐུད་ངང་ཟུང་འཕྲི་རྣམ་པ་མངོན་པར་བྱས་ལ། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་བ་དང་འཕེལ་རྒྱས་ཀྱི་བར་སྟོང་བརྟན་བརླིང་ངང་རྒྱ་སྐྱེད་པ་དང་། ལྗང་མདོག་གི་འགོག་ར་སྔར་ལས་ཇེ་བརྟན་དུ་བཏང་། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་བྱེ་འགོག་བྱེ་སྐྱོང་ལས་འགན་སྤྱི་ཆིངས་འབུམ་ལྔ་དང་ཁྲི་བདུན་སྟོང་བཞི་བརྒྱ་ཡོངས་འགྲུབ་བྱས་པ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་ཞེ་གསུམ་ལྷག་ཡོངས་འགྲུབ་བྱས་ལ། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་ས་ཡ་དྲུག་བཏང་བ་དང་། དེའི་ཁྲོད། ཀྲུང་དབྱང་གི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་གཉིས་ཡོད་ལ། ས་གནས་ཀྱི་ཆ་སྡེབས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་དྲུག་ཡོད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས། ལྗང་བསྒྱུར་དང་སྤུས་འདེགས། ཕན་མཐོ། དམངས་ཕན་བཅས་གཙོ་ཐིག་ཏུ་བྱེད་པ་དང་།  རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་དང་འཁྱག་དར་བཅས་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ཡིན་ལ། གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི2020ལོ་ནས2035ལོའི་བྱེ་འགོག་བྱེ་བཅོས་འཆར་གཞི་དང་མཚོ་སྔོན་གྱི2020ལོ་ནས2022ལོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལ་འཆར་འགོད་དང་ལག་བསྟར་བྱེད་པ་དང་། རྒྱུན་མཐུད་ངང་བྱེ་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་འགོག་ར་ཇེ་བརྟན་དུ་བཏང་སྟེ། བྱེ་ཁུལ་གྱི་སྐྱེ་ཁམས་དང་དམངས་ཚིས་ལེགས་བསྒྱུར་བྱེད་རྒྱུ་རེད། དེ་དང་མཉམ་དུ། ལྗང་མདོག་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། བྱེ་ཁུལ་གྱི་ལྗང་མདོག་ཐོན་ལས་དམངས་ཕྱུག་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་སྐྱོང་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་སོགས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལག་བསྟར་བྱེད་པ། བྱེ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།