རང་ཞིང་གི་སྐོར་ཐེངས་གསུམ་པའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་རུ་ཁག་གིས་ལས་འགན་ཡོངས་འགྲུབ་བྱས།
2022.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོའི་ཚེས་དྲུག་ཉིན། སྐོར་ཐེངས་གསུམ་པའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་རོགས་སྐྱོར་བྱེད་པར་སོང་བའི་རྫོང་རིམ་པའི་སྨན་ཁང་བཅུ་བཞིའི་རུ་མི་བརྒྱ་དང་ལྔ་བཅུས་དུས་ཡུན་ལོ་གཅིག་རིང་གི་སྨན་བཅོས་རོགས་སྐྱོར་བྱ་བ་ཡོངས་འགྲུབ་བྱས།

ལོ་གཅིག་རིང་ལ། སྐོར་ཐེངས་གསུམ་པའི་རྫོང་རིམ་པའི་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་མི་སྣས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། འགན་འཁྲི་ཇེ་དྲག་དང་བྱེད་ཐབས་ཇེ་ལེགསས་སུ་བཏང་བ་དང་བྱ་བ་བཟང་བོར་བསྒྲུབས་ལ། ལས་སྒྲུབ་སེམས་པ་དང་འགན་འཁྲི་འདུ་ཤེས་དྲག་པོས་བྱ་བའི་ཁྲོད་ཞུགས་ཏེ། རོགས་སྐྱོར་ཐོབ་པའི་སྨན་ཁང་གིས་སྨན་ཁང་དོ་དམ་དང་སྨན་བཅོས་ཞབས་ཞུ། སློབ་ཚན་འཛུགས་སྐྲུན། ལག་རྩལ་གསར་བ། ལས་སྒོ་གསར་བ། སྤྱི་ཐུན་འཕྲོད་བསྟེན་དང་སྨན་བཅོས་བཅོས་བསྒྱུར་སོགས་ཕྱོགས་ནས་གྲུབ་འབྲས་མངོན་གསལ་ལེན་པར་རོགས་རམ་བྱས། སྨན་བཅོས་རོགས་སྐྱོར་བྱེད་པའི་སྐབས་སུ། མི་འབུམ་གཅིག་དང་སྟོང་དགུ་བརྒྱ་ལ་སྒོ་བསྟེན་མྱུར་བསྟེན་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། མི་ཁྲི་གཉིས་དང་སྟོང་གཅིག་ཉིས་བརྒྱ་ལ་ཞག་སྡོད་ཞབས་ཞུ་སྤེལ་ལ། ནད་ལྕི་མོ་བྱུང་བའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་བཅུ་བཞི་མྱུར་སྐྱོབ་བྱས་ཤིང་ནད་པ་སྟོང་གཅིག་དང་དགུ་བརྒྱ་བཅུ་ལ་གཤགས་བཅོས་བྱས་པ་དང་། ལས་སྒོ་གསར་བ་བརྒྱ་དང་ང་དགུ་སྤེལ་བ་དང་ནད་དཔེ་སྟོང་གཅིག་བརྒྱ་དང་རེ་གསུམ་ལ་གྲོས་སྡུར་བྱས་ལ། ཆེད་དོན་འཆད་ཁྲིད་ཐེངས་བདུན་བརྒྱ་དང་དགུ་བྱས་པ་དང་། ལས་སྒོ་གསོ་སྦྱོང་ཐེངས་སྟོང་བཞི་དང་དྲུག་བརྒྱ་ཉེར་གསུམ་སྤེལ་བ་དང་རྒྱང་བསྟེན་སྨན་བཅོས་ཐེངས་ཉིས་བརྒྱ་དང་བཅུ་སྤེལ་ནས། རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་བ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་སྨན་ཁང་ཐག་རིང་བའི་གནད་དོན་ཐད་བཅད། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་དང་ཀ་རིམ་པ་གཉིས་པའི་སྨན་ཁང་གི་གཞི་ཁྱོན་རྒྱ་སྐྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པ་དང་། དགའ་བདེ་དང་ཆུ་དམར་ལེབ་ཀྱི་རྫོང་མི་དམངས་སྨན་ཁང་གཉིས་ཀྱིས་ཀ་རིམ་པ་གཉིས་པའི་སྨན་ཁང་གི་ཐོག་མའི་དཔྱད་འཇོག་ཡོངས་འགྲུབ་བྱེད་པར་རོགས་རམ་བྱས་ལ། རྫོང་རིམ་པའི་སྨན་ཁང་བཅུ་བཞི་ལ་རོགས་བྱས་ནས་ཞིང་ཆེན་དང་རྫོང་གིས་མཉམ་དུ་ཁྱད་ཆོས་ཚན་ཁག་འཛུགས་སྐྲུན་བྱེད་པའི་ལས་འགན་ཉེར་བརྒྱད་ཡོངས་འགྲུབ་བྱས། རྨ་སྟོད་ས་ཁུལ་སོགས་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་དང་སྨན་བཅོས་མྱུར་སྐྱོབ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ། རིགས་ཆེ་བའི་བྱ་འགུལ་སྨན་བཅོས་འགན་སྲུང་དང་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་སོགས་བྱ་བ་ཡོངས་འགྲུབ་བྱེད་པར་མཛུབ་སྟོན་དང་རོགས་རམ་བྱས་པ་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས་ནས། སྨན་བཅོས་ཐད་ཀྱི་ཤེས་ལྡན་མི་སྣ་དང་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་གཞི་རྩའི་ཞབས་ཞུ་ནུས་པ། མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་ཡིད་ཚིམ་ཚད་མཐོར་འདེགས་གཏོང་བ་མངོན་འགྱུར་བྱས།

རིན་ཆེན་མཚོས་བསྒྱུར།