ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་ཞིང་གི་རིམ་པ་སོ་སོའི་ནགས་རྩྭ་སྡེ་ཁག་གིས་ཁྱབ་ཁོངས་གཙོ་བོར་དམིགས་ནས་བྱ་བ་གལ་ཆེན་བཅུ་བཟང་པོར་བསྒྲུབ་རྒྱུ་རེད།
བྱ་བ་གལ་ཆེན་བཅུ་པོ་ནི། གཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་འཛུགས་སྐྲུན་བྱེད་པ་རྨང་གཞི་རུ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཆའི་ལེགས་སྒྱུར་ལེགས་སྒྲིག་བྱ་བ་ཡོངས་འགྲུབ་བྱེད་པ། གྲུབ་ཚུལ་འོས་མཐུན་ཡིན་ལ་སྲུང་སྐྱོབ་ཐད་ནས་ཤུགས་ཡོད་པ། དོ་དམ་ཐད་ནས་ཕན་འབྲས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་མ་ལག་འཛུགས་པ། ནགས་ལས་རྩྭ་སའི་རྒྱལ་ཁབ་སྤྱི་གླིང་གི་གནས་གསུམ་གཞི་གཅིག་མཉམ་བསྲེས་སྒོས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་། ནགས་ལས་རྩྭ་སའི་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཚུལ་མཉམ་བསྲེས་དང་དམིགས་འབེན་མཉམ་བསྲེས། ལས་འགན་མཉམ་བསྲེས། བཟོ་སྐྲུན་མཉམ་བསྲེས། སྲིད་ཇུས་མཉམ་བསྲེས་བྱས་ཏེ། ནགས་སྐྲུན་དང་རྩྭ་འདེབས། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་བཅས་ལ་གཞི་གཅིག་ཅན་གྱི་ཇུ་ས་འགོད་བྱེད་པ་དང་གཞི་གཅིག་ཏུ་ལག་བསྟར་བྱེད་རྒྱུ་རེད།
གཉིས། རང་བྱུང་སྐྱེ་ཁམས་ཀྱི་བདེ་འཇགས་མཐའ་མཚམས་བརྟན་སྲུང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་བཟང་དུ་འགྲོ་བ་ལས་ཇེ་བཙོག་ཏུ་འགྲོ་མི་རུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ། སྐྱེ་ཁམས་བཟང་པོ་་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣོན་གནས་དང་སྤུས་ལེགས་འཚོ་བའི་འདེགས་སྐྱོར་གནས། རབ་མཛེས་མཚོ་སྔོན་གྱི་རང་མདངས་མངོན་པའི་ཤུགས་འདོན་ས་བཅས་སུ་འགྱུར་བར་བྱས་ནས། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་རྒྱུ་རེད།
གསུམ། རིགས་མི་འདྲ་བའི་ལྗང་སྒྱུར་བར་སྟོང་ལ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་གྲོན་ཆུང་ངང་མཁར་གྲོང་ལྗང་སྒྱུར་མཛེས་སྒྱུར་བྱེད་པ། རྒྱལ་ཁོངས་ལྗང་སྒྱུར་དེ་གྲངས་ཀ་ཇེ་མང་དུ་འགྲོ་བ་ནས་གྲངས་ཀ་ཇེ་མང་དང་སྤུས་ཚད་མཐོར་འདེགས་གཉིས་ལ་མཉམ་དུ་དོ་སྣང་བྱེད་པར་བསྒྱུར་བ། མིར་བརྟེན་ནས་ལྗང་སྒྱུར་བྱེད་པ་གཙོར་འཛིན་པ་ལས་རང་བྱུང་ལྗང་སྒྱུར་གཙོར་འཛིན་པར་བསྒྱུར་ནས། མི་དམངས་ཀྱི་ཆེད་དུ་སྡོང་འཛུགས་བྱེད་པ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།
བཞི། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་དང་འཁྱག་དར་བཅས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་བརྗེ་འགྱུར་ཆོས་ཉིད་བརྩི་སྲུང་བྱེད་པ། རང་བྱུང་སླར་གསོ་དང་ཚན་རིག་དང་མཐུན་པའི་ཉམས་གསོ་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ནགས་ཚལ་དང་རྩྭ་ས། བརླན་སའི་སོར་ཆུད་སྐྱེ་འཕེལ་དང་སྲུང་སྐྱོབ་སླར་གསོ་ལ་ཤུགས་བསྣན་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་རྒྱུ་རེད།
ལྔ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། མཚོ་འཕགས་མཐོ་ཞིང་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་དང་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པ་ད་ང། སྐྱེ་དངོས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། སྐྱེ་ཁམས་དཔལ་ཡོན་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཐོ་གནས་འཛུགས་སྐྲུན་བྱེད་རྒྱུ་རེད།
དྲུག ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྨང་གཞི་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། དགེ་མཚན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གསར་དར་ཐོན་ལས་མྱུར་དུ་སྐྱེད་སྲིང་བྱེད་པ། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་འདོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ནགས་ལས་དང་རྩྭ་སར་བརྟེན་ནས་མི་དམངས་ཕྱུག་པོར་བསྒྱུར་བ་དང་མི་དམངས་ལ་ཕན་འདོགས་པའི་ཕན་འབྲས་མཐོར་འདེགས་གཏོང་རྒྱུ་རེད།
བདུན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་མཐོར་འདེགས་གཏོང་བ། ནགས་རྩྭའི་ཐཱན་འདུས་ཚད་འཇལ་ལྟ་ཞིབ་ལ་ཤུགས་བསྣན་ནས། ནགས་རྩྭའི་ཐཱན་འདུས་ཚོང་ར་ཅན་དུ་བསྒྱུར་བའི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་དང་སྣ་མང་ཅན་གྱི་ཉོ་འཚོང་མ་དཔེ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་རྒྱུ་རེད།
བརྒྱད། ནགས་ལས་རྩྭ་སའི་སྒྲིག་གཞི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རྩྭ་སའི་ལམ་ལུགས་བཅོས་སྒྱུར་དང་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར། ནགས་རྩྭའི་སྲིད་འཛིན་མཆན་འགོད་བཅོས་སྒྱུར་བཅས་རྒྱུན་མཐུད་ངང་སྤེལ་བ་དང་འཚོལ་ཞིབ་བྱེད་པ་བརྒྱུད་དེ། རྒྱལ་དབང་ནགས་རའི་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།
དགུ བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། དངུལ་གཏོང་མ་ལག་གསར་གཏོད་བྱེད་པ། ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་དང་ཐོན་ཁུངས་སྲུང་སྐྱོབ་ལམ་ལུགས། ནགས་ལས་རྩྭ་སའི་འཕེལ་རྒྱས་སྐུལ་སློང་ལམ་ལུགས། ནགས་ལས་རྩྭ་སའི་འཕེལ་རྒྱས་དངུལ་གཏོང་རྐྱེན་སྲོལ། ནགས་ལས་རྩྭ་སའི་ཐོན་ལས་འཕེལ་རྒྱས་སྲིད་ཇུས་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། ནགས་རྩྭའི་ལས་དོན་གྱི་དེང་རབས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནགས་རྩྭའི་འཕེལ་རྒྱས་གསར་གཏོད་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད།
བཅུ། ནགས་རྩྭའི་འདེགས་སྐྱོར་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོབ་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་འཛུགས་སྐྲུན་གྲུབ་འབྲས་ལ་སྲུང་སྐྱོབ་བྱས་ཏེ། ནགས་ལས་རྩྭ་སའི་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་བཅས་རེད།
རིན་ཆེན་མཚོས་བསྒྱུར།