འཕེལ་རྒྱས་ཁྲོད་ཀྱི་རྩེ་ཁོག་གི་སློབ་གསོ།
2022.01.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

ཉེ་བའི་ལོ་འདི་དག་གི་རིང་ལ། རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སློབ་གསོའི་ལམ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་། ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སློབ་གསོའི་རོགས་ སྐྱོར་སིད་ཇུས་དངོས་འབེབས་བྱས་ཏེ། སློབ་གསོའི་རྒྱུ་སྤུས་མཐོར་འདེགས་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་གསོའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། སློབ་ཁྲིད་ཀྱི་ཐབས་ལམ་བཅོས་བསྒྱུར་སོགས་ཀྱི་ཕྱོགས་ལ་ ཤུགས་བསྣན་ནས། རྫོང་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

རྩེ་ཁོག་རྫོང་ཡོངས་ལ་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་རེ་གསུམ་ཡོད་པ་དང་། དེའི་ནང་སློབ་འབྲིང་གསུམ་དང་། སློབ་ཆུང་ཉེར་བཞི། བྱིས་སྐྱོང་ཁང་སོ་དྲུག་བཅས་ཡོད། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་གྱ་དྲུག་ཡོད་པ་དང་། དེའི་ནང་སློབ་ཆུང་སློབ་མ་སྟོང་བརྒྱད་དང་དགུ་བརྒྱ་སོ་གསུམ་དང་། དམའ་འབྲིང་སློབ་མ་སྟོང་གསུམ་དང་དགུ་བརྒྱ་གྱ་བདུན། མཐོ་འབྲིང་སློབ་མ་དགུ་བརྒྱ་རེ་དྲུག་ཡོད། འོས་འགན་སློབ་གསོའི་སློབ་ཞུགས་ཚད100%ལ་སླེབས་ཡོད་པ་དང་། བྱིས་སྐྱོང་ཁང་གི་སློབ་མ་སྟོང་ལྔ་དང་ཉེར་དྲུག་ཡོད་པ་དང་། སློབ་ཞུགས་ཚད 98.65%ལ་སླེབས་ཡོད། རྫོང་ཡོངས་ལ་དགེ་རྒན་དང་ལས་བཟོ་བ་སྟོང་གཅིག་དང་སུམ་བརྒྱ་དྲུག་ཡོད་པ་རེད།

རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཇམ་དབྱངས་ཉི་མས་བཅར་འདྲི་དང་ལེན་བྱེད་བཞིན་པ།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དཀྱིལ་སྙིང་བྱིས་སྐྱོང་ཁང་ནི་བྱིས་པའི་སློབ་གསོའི་ཆོས་ཉིད་གཞིར་བཞག་ནས་བྱིས་པའི་ལོ་ཚད་དང་མཐུན་པའི་རྩེད་མོ་དང་སློབ་ཁྲིད་བཀོད་སྒྲིག་ཞིབ་ཚགས་ཀྱིས་རང་དབང་དང་སྤྲོ་སྐྱིད་ཀྱི་ངང་ནས་བྱིས་པའི་ལུས་ཤུགས་དང་ཀླད་ཤུགས་ཅི་ལྟར་ཡར་རྒྱས་སུ་གཏོང་བའི་ཕྱོགས་ལ་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་བྱིས་པའི་སློབ་གསོའི་ཐབས་ལམ་རྩལ་དུ་འདོན་བཞིན་པའི་ཚད་ལྡན་གྱི་བྱིས་སྐྱོང་ཁང་ཞིག་ཡིན་པ་རེད།

རྩེ་ཆུ་གྲོང་རྡལ་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་དགེ་རྒན་བྱམས་པ་རྒྱལ་མཚོས་བཅར་འདྲི་དང་ལེན་བྱེད་བཞིན་པ།

བྱིས་སྐྱོང་ཁང་འདིའི་ཕྱི་ནང་གི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་ལ། ནང་གི་སློབ་སྒྲུབ་སྒྲིག་ཆས་ཆ་ཚང་ཚད་ལྡན་སྤུས་དག་ཡིན་པ་ལས་གཞན།  བོད་རང་གི་བྱིས་པ་དག་ལ་འཚམ་པའི་བྱིས་སྐྱོང་སློབ་གསོའི་ཐབས་ལམ་ཞིག་འཚོལ་ཞིབ་དང་། བྱམས་བརྩེ་དང་རང་དབང་། སྤྲོ་སྣང་གིས་ཁེངས་པའི་སློབ་ར་ཞིག་འཛུགས་སྐྲུན་གྱིས་ལུས་སེམས་གཉིས་ཀྱི་ཆ་ནས་བདེ་ཐང་ཡིན་པའི་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་དང་། མི་རིགས་ཀྱི་མ་འོངས་པའི་རེ་བ་མང་པོ་ཞིག་སྐྱེད་སྲིང་བྱེད་བཞིན་ཡོད་པས། བྱིས་པའི་ཁྱིམ་བདག་དང་། ས་གནས་མང་ཚོགས། སྤྱི་ཚོགས་ཕྱོགས་སོ་སོ་ནས་དགའ་བསུ་ཤུགས་ཆེན་བྱེད་བཞིན་ཡོད་པའི་བྱིས་སྐྱོང་ཁང་ཞིག་ཡིན།

བྱིས་སྐྱོང་ཁང་འདིའི་ཁྱིམ་བདག་གི་འཐུས་ཚབ་བསོད་ནམས་ལ་བཅར་འདྲི་བྱེད་བཞིན་པ།

རྒྱུས་ལོན་པ་ལྟར་ན། རྩེ་ཁོག་རྫོང་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་2018ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། 2021ལོའི་སྤྱི་ཟླ་དགུ་བ་ནས་བཟུང་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་སློབ་ཁྲིད་བྱེད་འགོ་བརྩམས་ཡོད་པས།  ང་ཚོ་རྩེ་ཁོག་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣའི་འགྲོ་རོགས་འོག་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་བཅར་འདྲི་བྱེད་པར་སོང་བ་ཡིན། སློབ་གྲྭའི་སྒོ་ར་རུ་འཛུལ་མ་ཐག   སློབ་གྲྭའི་ར་སྐོར་ནང་དུ་གྲལ་དག་པའི་ཁང་བརྩེགས་འགའ་མིག་ལམ་དུ་མངོན་ཡོང་ལ། སློབ་མ་རྣམས་སློབ་གྲྭའི་ལུས་རྩལ་ར་བར་དགའ་དགའ་སྤྲོ་སྤྲོའི་ངང་ཕར་རྒྱུགས་ཚུར་རྒྱུགས་བྱེད་བཞིན་ཡོད་པ་དང་རྩེད་འཇོ་སྣ་ཚོགས་ལ་རོལ་བཞིན་པའི་དགའ་ཉམས་དེ་མཐོང་འཕྲལ། སེམས་སུ་དབང་མེད་དུ་དགའ་སྣང་གིས་ཕྱུག་ཅིང་སློབ་མའི་དུས་སྐབས་ཀྱི་འཚོ་བའི་རི་མོ་ཞིག་ཀྱང་ངང་གིས་དྲན།

དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་གཙོ་ཀུན་བཟང་རྡོ་རྗེ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

སློབ་གྲྭ་འདིའི་སློབ་གསོའི་སྒྲིག་ཆས་སོགས་ཀྱི་ཐད་སློབ་གྲྭ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པས།  སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ནི་སྤྱིར་བཏང་གི་རྫོང་ཞིག་གི་སློབ་གསོའི་ཆ་རྐྱེན་ལས་ཡོངས་སུ་བརྒལ་ཏེ་ཞིང་ཆེན་རིམ་པའི་སློབ་གྲྭ་ཚད་ལྡན་ཅན་དང་མཉམ་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར།

དུང་དཀརབཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་རྒན་ཤ་མོ་འབུམ་ལ་བཅར་འདྲི་བྱེད་བཞིན་པ།

ང་ཚོ་སློབ་ཁང་ཞིག་ཏུ་ཐོན་པ་ན་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་འདུག་ལ། གསར་འགོད་པས་དེའི་ཁྲོད་ཀྱི་སློབ་མ་གཡང་སྐྱིད་སྒྲོལ་མ་ལ་རང་དགར་ཁ་བརྡ་ཅུང་ཙམ་བྱས་པ་ཡིན།

དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་ཁྱིམ་བདག་ཚོགས་འདུར་ཞུགས་བཞིན་པའི་སློབ་མའི་ཁྱིམ་བདག་བསྟན་འཛིན་གྱིས་རང་གི་མྱོང་ཚོར་ཐད་ནས་ཁ་བརྡ་བྱས་བྱུང་།

རླངས་འཁོར་དུ་འདུག་སྐབས་སློབ་གྲྭའི་ར་སྐོར་ལ་ཕྱིར་མིག་ཅིག་འཕངས་པ་ན། སློབ་རའི་མཁའ་དབྱིངས་སུ་ལང་ཚོའི་ངར་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། སློབ་གྲྭའི་ཐོག་ཁང་དང་ཁོད་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ར་བ། གཞན་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ཀུན་ནས་ལྡན་པའི་སློབ་ར་སོགས་ལས་སློབ་གྲྭའི་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་ཡོང་ལ། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་ཤེས་རིག་གི་མེ་ཏོག་འཐུ་སའི་སློབ་རའི་དགའ་ཚལ་ཉམས་དགའ་བ་ཞིག་ཏུ་སྣང་།

བྱ་དངོས་གང་ཞིག་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་ཀྱག་ཀྱོག་གི་ལམ་བུ་གང་མང་ཞིག་བརྒྱུད་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལྟར། རྩེ་ཁོག་རྫོང་གི་སློབ་གསོ་ལ་ད་ལྟའི་འཕེལ་རྒྱས་ཆེན་པོ་འདི་འདྲ་ཞིག་བྱུང་བའང་རྒྱུ་མེད་རྐྱེན་མེད་ཅིག་མིན་པར། དེ་ནི་སློབ་གྲྭ་སོ་སོས་དུས་ཡུན་རིང་བོར་འབད་བརྩོན་བྱས་པའི་དཀའ་སྡུག་གི་རྔུལ་ཆུ་ལ་རག་ལས་པར་མ་ཟད། ཡང་དག་པའི་སློབ་གསོའི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་སོགས་ལའང་ཁ་འབྲལ་ཐབས་མེད།

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ།

ཤ་བོ་གསེར་མཚོ། རིག་འཛིན་ཐར།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།