མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་།
2022.01.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 41

དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་སོ་སོའི་ཁྲོད་ཡུལ་གཞན་གནས་སྤོར་ནི་ཕུགས་ཡུན་རིང་ལ་འཐུས་སྒོ་ཚང་བའི་བརྒྱུད་རིམ་ཞིག་ཡིན། གནས་སྤོར་མང་ཚོགས་འཚོ་བ་གསར་བར་འཚམ་མིན་དང་། གནས་སྤོར་ཐུབ་ལ་གཏན་ཆགས་སུ་སྡོད་པ། རིམ་གྱིས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱེད་རྒྱུ་ནི་ཞིང་སྡེ་དར་སྤེལ་ལ་རམ་འདེགས་བྱེད་པའི་རྨང་གཞི་གཙོ་བོ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་སོགས་ལམ་ལུགས་ཀྱི་འགན་སྲུང་མང་པོར་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་རང་བཞིན་གྱིས་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་བྱས་ནས་མང་ཚོགས་རྣམས་ཕ་ཡུལ་དང་འབྲལ་དཀའ་བ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཕྱོགས་སུ་བསྐྱོད་པ་རེད།

ཞིན་ཧེ་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ལྷོའི་མཚམས་སུ་ཆགས་ཡོད་ལ།  ཕྱུགས་ལས་གཙོ་བོར་གཉེར་བའི་རྫོང་ཞིག་ཡིན།  རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་ས་གནས་མང་ཚོགས་ཀྱི་འཚོ་བར་སྔ་ན་མེད་པའི་དྲོད་ཁོལ་བསྩལ་ཡོད་པ་ཐོས་པས། ང་ཚོའི་བཅར་འདྲིའི་གོམ་ཁ་ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་གསར་གྱི་ཕྱོགས་སུ་བསྒྱུར།

ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་ཞིན་ཧེ་རྫོང་གི་གྲོང་རྡལ་གསུམ་དང་། ཡུལ་ཚོ་བཞི། སྲིད་འཛིན་སྡེ་བ་ང་བདུན་གྱི་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་གནས་སྤར་ནས་ཡོང་བ་ལས་གྲུབ་པ་དང་། ས་སྤྱིའི་རྒྱ་ཁྱོན་ལ་མུའུ་སྟོང་གཅིག་དང་ལྔ་བརྒྱ་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་དྲུག་དང་སྟོང་གཉིས་བརྒྱད་བརྒྱ་སུམ་ཅུ་ཡོད་ཅིང་།  ལས་གཞི་འདིའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་བཏང་ཡོད་པ་རེད། 

ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཡང་དྲུང་ཐར་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཞིན་ཧེ་རྫོང་གིས་དཀའ་ངལ་ཆེ་བའི་མང་ཚོགས་རྣམས་ས་གཞན་དུ་གནས་སྤར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་ཐད་ལ་བཏོན་པའི་རེ་བ་དང་།  ཀྲུང་དབྱང་དང་ཞིང་ཆེན་རིམ་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་བཏོན་པའི་ཇུས་ཆོད་དངོས་འབེབ་གང་ལེགས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་རྣམས་གནས་སྤོར་དུ་འཇུག་པའི་བྱ་བ་དེ་དབུལ་ཐར་བྱ་བའི་གནད་འགག་ཅིག་ཏུ་བཟུང་ནས། ཐོན་ཁུངས་སོ་སོ་ལེགས་སྒྲིག་དང་མ་དངུལ་གཅིག་བསྡུས་བྱས་ཏེ་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་མི་རྣམས་གནས་འདིར་བཀོད་སྒྲིག་བྱས། 

ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་སྡེ་མི་རྟ་མགྲིན་སྒྲོལ་མ་ལ་བཅར་འདྲི་བྱེད་བཞིན་པ།

ཉིས་སྟོང་བཅུ་དགུ་ལོར། ཨ་མདོ་དམངས་སྲོལ་སྡེ་གསར་ནས་ཞིན་ཧེ་རྫོང་གློག་རྡུལ་ཚོང་དོན་འགྲེམ་ཚོང་ལྟེ་གནས་ཤིག་ཕྱེས་པ་དང་། དེ་ནི་གཙོ་བོ་དྲ་ལམ་ཁག་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་འབད་བརྩོན་བྱེད་པ་ཞིག་ཡིན་ལ། ཚོང་དོན་ལྟེ་གནས་དེ་ནས་ད་ལྟའི་བར་ཕྱིར་འཚོང་བྱས་པའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་དྲུག་ལྷག་ལ་སླེབས་ཤིང་། དེས་རོང་འབྲོག་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་གྱ་གསུམ་གྱི་ཡོང་སྒོ་འཕར་སྣོན་ཡོང་བར་རོགས་རམ་བྱས། 

ཞིན་ཧེ་རྫོང་གློག་རྡུལ་ཚོང་དོན་འགྲེམ་ཚོང་ལྟེ་གནས་ཀྱི་ལས་བྱེད་མི་སྣ་རྣམ་རྒྱལ་ཚེ་རིང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

 ཞིན་ཧེ་རྫོང་གིས་ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། གནས་སྤོར་མང་ཚོགས་ཀྱིས་རང་ཉིད་ཀྱི་ཐག་ཉེ་ས་ནས་ཡོང་སྒོ་བཙལ་བར་སྟབས་བདེ་བསྐྲུན་ནས་ཡོང་འབབ་འཕར་བར་བྱས་པ་དང་། གནས་སྤོར་མང་ཚོགས་ལ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་ཚོང་ལས་སྐྱེལ་འདྲེན་སོགས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས། 

ཞིན་ཧེ་རྫོང་ཙ་རི་གླིང་གའི་མི་རིགས་ཚོང་དོན་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་བསྟན་འཛིན་ལ་བཅར་འདྲི་བྱེད་བཞིན་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་གྱི་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་ཞེས་གསུངས་པ་ནང་བཞིན། ཞིན་ཧེ་རྫོང་གིས་ཀྱང་དཀའ་ངལ་ཆེ་བའི་མང་ཚོགས་ལ་བྱ་བ་མང་པོ་བསྒྲུབས་པས2019ལོར་རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཐར་བྱེད་ཐུབ་པ་བྱུང་ལ། ལོ་འདི་དག་གི་རིང་ལ་གོང་རིམ་མགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར། དེ་མིན་མང་ཚོགས་རང་ངོས་ཀྱི་བསམ་བློའི་འདུ་ཤེས་ཇེ་ལེགས་སུ་བཏང་སྟེ། དབུལ་ཐར་ཕྱུག་འགྱུར་དང་དབུལ་ཐར་བྱ་བ་སྲ་བརྟན་ཡོང་བའི་ཐད་ལ་ནུས་ཤུགས་གང་ཡོད་འདོན་གྱིན་ཡོད་པ་དང་། དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་བ་དང་བསྟུན་ནས་ཕྱོགས་སོ་སོ་ནས་གནས་སྤར་ཏེ་འདུས་སྡོད་བྱས་ཡོད་པའི་གྲོང་ཚོ་འདི་ཉིད་ཕྱུག་འགྱུར་དང་འཆམ་མཐུན། དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་མཆིས།

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ།

ཤ་བོ་གསེར་མཚོ། རིག་འཛིན་ཐར།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།