མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཡུལ་ཚོ་བྲག་དམར་གོང་མ་སྡེ་བས་འབྲི་གཡག་གསོ་སྤེལ་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།
2022.01.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཡུལ་ཚོ་བྲག་དམར་གོང་མ་སྡེ་བའི་ཆེད་ལས་མཉམ་ལས་ཁང་ནི་ཉིས་སྟོང་བཅུ་གཅིག་ལོར་བཙུགས་པ་ཡིན་ལ།   རྫོང་མཁར་དང་བར་ཐག་སྤྱི་ལེ་གོ་བརྒྱད་དང་ཡུལ་ཚོ་སྲིད་གཞུང་དང་བར་ཐག་སྤྱི་ལེ་ཞེ་བཞི་ཡོད།  ད་ལྟ་མཉམ་ལས་ཁང་དུ་ཕྱུགས་ཟོག་ཆིག་སྟོང་བཅོ་ལྔ་ཡོད་ལ།    སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ང་བདུན་གྱི་མི་སྟོང་གཅིག་དང་རེ་བརྒྱད་ཀྱིས་མཉམ་ལས་ཁང་དུ་མ་རྐང་བཞག་ཡོད་པ་དང་།   མ་རྐང་བཞག་ཚད་བརྒྱ་ཆའི་བརྒྱ་ཡིན།   

བྲག་དམར་གོང་མ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འགན་འཛིན་པ་ཡི་དམ་སྐྱབས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

བྲག་དམར་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་འཕེལ་རྒྱས་ལ་བརྟེན་ནས་ལས་གཞི་དམ་འཛིན་དང་འབྱོར་འབྲིང་ལ་བརྟེན་ནས་ཕྱུགས་ལས་དམ་འཛིན་བྱེད་པའི་སྤྱིའི་བསམ་ཕྱོགས་ལྟར།   འཚོ་སྐྱོང་བྱེད་པར་འཚམ་ན་འཚོ་སྐྱོང་བྱེད་པ་དང་། གསོ་སྐྱོང་བྱེད་པར་འཚམ་ན་གསོ་སྐྱོང་བྱེད་པ།  བསྡུ་འགྲེམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་པ་དང་།   སྲིད་ཇུས་དྲིལ་སྒྲོག་ཁྲིད་སྟོན་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་གྱིས་རོགས་སྐྱོར་བྱེད་པ།   གསོ་སྤེལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་སྤེལ་བ་སོགས་ནུས་ལྡན་བྱེད་ཐབས་བརྒྱུད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་།   ཏང་ཡོན་གྱིས་མཉམ་ལས་ཁང་གི་བྱ་བའི་ཁྲོད་ཀྱི་ལས་གནས་ལ་ངོས་འཛིན་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ་འབྲོག་པ་མང་ཚོགས་ལ་གསོ་སྤེལ་ལག་རྩལ་ཐད་ནས་ཁྲིད་སྟོན་བྱེད་པ་དང་ཤྭ་རིགས་ཐོན་རྫས་ཕྱིར་འཚོང་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ལ།  མཉམ་ལས་ཁང་གི་འཕེལ་རྒྱས་ལ་མཉམ་དུ་སྐུལ་ཁྲིད་དང་མང་ཚོགས་ཡོང་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱེད་བཞིན་ཡོད། 


བྲག་དམར་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཐོ་ལོ་ལ་བཅར་འདྲི་བྱེད་བཞིན་པ།

མཉམ་ལས་ཁང་གིས་མཚོ་བོད་མཐོ་སྒང་གི་ས་དབྱིབས་དང་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དང་།  ཡུལ་བབ་དང་བསྟུན་ནས་ཕྱུགས་འཚོ་སའི་རྩྭ་སར་འཆར་འགོད།    དབྱར་དུས་རྩྭ་སའི་ནང་དུ་འཚོ་བ་དང་དགུན་དུས་ཕྱུགས་རའི་ནང་དུ་གསོ་བ།     རིགས་བགར་ནས་གསོ་བ་བཅས་ཀྱི་གསོ་སྤེལ་རྣམ་པར་སྐུལ་སྤེལ་བྱེད་པ།   རྩྭ་ས་བེད་སྤྱོད་ལེགས་པོ་བྱེད་པ།   ཕྱུགས་སྐྱོང་ཚད་ལས་མི་བརྒལ་བར་བྱེད་པ།  དགུན་དུས་ཕྱུགས་རའི་ནང་དུ་བཞོན་མ་དང་བེའུར་གཟན་རྩྭ་བྱིན་ནས་བདེ་འཇགས་ཀྱིས་དགུན་སྐྱེལ་ཐུབ་པར་བྱས་ནས་ཕྱུགས་ཟོག་གི་འཕེལ་ཚད་ཇེ་མཐོར་བཏང་།    མིག་སྔར།  མཉམ་ལས་ཁང་གི་ལས་སྒོ་གཙོ་བོ་ནི་གཡག་གི་རྒྱུད་བཟང་གསོ་སྤེལ་དང་བེའུ་ཕྱིར་འཚོང་བྱེད་པ་གཙོར་བཟུང་ནས།  སྡེབ་བཀྲམ་ནས་ལེགས་བསྡུས་ཞིབ་བཤེར་བྱེད་པ་དང་། ཁ་ཐོར་ནས་གཅིག་བསྡུས་དང་།   སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་གཉིས་ལྡན་གྱི་ཚན་རིག་དང་མཐུན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།  



བྲག་དམར་གོང་མ་སྡེ་བའི་སྡེ་མི་གསལ་བྱེད་རྒྱ་མཚོས་བཅར་འདྲི་དང་ལེན་བྱེད་ཀྱིན་པ།

ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁོངས་མི་དག་གི་འབད་བརྩོན་ལྷོད་མེད་འོག་ཏུ། མིག་སྔར་མཉམ་ལས་ཁང་དུ་གཞི་ཁྱོན་རགས་ཙམ་ཆགས་པར་བྱས་ཡོད་དེ། བཞོན་མའི་རྟེན་གཞི་དང་གཡག་གི་གསོ་སྤེལ་དཔེ་སྟོན་གཙོར་བྱས་པའི་དེང་རབས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཐོན་ལས་གྲུབ་པར་བྱས་ཡོད།   ཉིས་སྟོང་བཅུ་བཞི་ལོ་ནས་ད་ལྟའི་བར་བསྡོམས་པས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཅིག་ཁྲི་བདུན་སྟོང་དགུ་སུམ་བརྒྱ་བཏང་སྟེ་རྨིད་གྲུ་བཞི་མ་དྲུག་ཅུ་ཡོད་པའི་བཟོ་ཁང་གཉིས་དང་རྨིད་གྲུ་བཞི་མ་ཉེར་ལྔ་ཡོད་པའི་དུག་སེལ་ཁང་གཅིག    རྨིད་གྲུ་བཞི་མ་བརྒྱ་དང་དྲུག་ཅུ་ཡོད་པའི་གཞུང་སྒྲུབ་ཁང་གཅིག   རྨིད་གྲུ་བཞི་མ་དྲུག་བརྒྱ་ཡོད་པའི་ཕྱུགས་ཁང་གསུམ།   རྨིད་གྲུ་བཞི་མ་སུམ་བརྒྱ་ཡོད་པའི་རྩྭ་ཁང་གཉིས། རྨིད་གྲུ་བཞི་མ་ཉིས་བརྒྱ་བཞི་བཅུ་ཡོད་པའི་རྩྭ་ཁང་གཅིག་དང་གྱང་ར་བཅས་འཛུགས་སྐྲུན་བྱས་ཡོད།

  རྨ་བྱང་ཡུལ་ཚོའི་ཡུལ་གཙོ་གཞོན་པ་རྟ་མགྲིན་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།

གོ་རིམ་རྗེས་མར།   མཉམ་ལས་ཁང་གིས་ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་དང་ཕྱུགས་ཟོག་གི་སྒྲིག་གཞི་ལེགས་བཅོས།  རྩྭ་ས་ལུགས་མཐུན་གྱིས་བཀོད་སྒྲིག      སྲོལ་རྒྱུན་གྱི་གྲངས་འབོར་ཅན་གྱི་ཕྱུགས་ལས་དེ་སྤུས་ཚད་ཅན་གྱི་ཕྱོགས་སུ་ཚུལ་སྒྱུར་བྱེད་རྒྱུ་མངོན་འགྱུར་བྱེད་པ་དང་།   རྗེས་ལུས་བཀག་སྡོམ་རྣམ་པའི་ཕྱུགས་ལས་ཐོན་སྐྱེད་བྱེད་ཐབས་དེ་དེང་རབས་ཕྱུགས་ལས་དང་སྐྱེ་ཁམས་ཕྱུགས་ལས།  སྐྱེ་ལྡན་ཕྱུགས་ལས་བཅས་སུ་ཚུལ་སྒྱུར་བྱེད་རྒྱུ་མངོན་འགྱུར་བྱེད་པ། ནུས་ཡོད་སྒོས་རྩྭ་ས་ཇེ་ཞན་དུ་འགྲོ་བ་བཀག་འགོག་བཅས་བྱས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།   དེ་དང་མཉམ་དུ། མ་རྐང་འཇོག་པའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་ངལ་རྩོལ་ནུས་ཤུགས་ཁ་ཤས་ཀྱིས་ཕྱུགས་ལས་མ་ཡིན་པའི་ཐོན་ལས་གཉེར་བར་སྐུལ་སྤེལ་བྱེད་པ་དང་།   ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་།   ཤ་སྐམ་ལས་སྣོན་དང་འབྲོག་པའི་ཡུལ་སྐོར་རིག་གནས།  བཟའ་བཏུང་སོགས་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་བཏང་སྟེ་མཉམ་ལས་ཁང་གི་དཔལ་འབྱོར་དངོས་ཤུགས་རྒྱ་བསྐྱེད་པ་དང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་བཏང་ནས།   ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ།   མཉམ་ལས་ཁང་འདི་རྫོང་ཡོངས་ཀྱི་སྐུལ་ཁྲིད་བྱེད་ནུས་དང་དཔེ་སྟོན་བྱེད་ནུས་མངོན་གསལ་ཡིན་པའི་དེང་རབས་འབྲི་གཡག་གསོ་སྤེལ་དཔེ་སྟོན་ཚད་གཞི་རུ་འཛུགས་སྐྲུན་བྱ་རྒྱུར་བརྩོན་ལེན་བྱེད་རྒྱུ་རེད།

གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ།

ཤ་བོ་གསེར་མཚོ། རིག་འཛིན་ཐར།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།