ཉེ་ལམ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི༼དགུན་དུས་གཞི་རིམ་དུ་བསྐྱོད་པ༽ཞེས་པའི་བཅར་འདྲིའི་ཚན་ཆུང་ཧི་ནན་རྫོང་གི་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་འབྲེལ་ཡོད་མི་སྣ་དང་མཉམ་དུ་ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་གི་དེང་རབས་ཕྱུགས་ལས་གཉེར་སྟངས་དང་རྒྱུད་བཟང་ནོར་ལུག་གསོ་སྤེལ་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་དུ་སོང་།
དུས་ཡུན་རིང་བོའི་ནང་། ཧི་ནན་རྫོང་གིས་བཅོས་བསྒྱུར་གསར་སྤེལ་སྒུལ་ཤུགས་སུ་བརྩིས་ཏེ། རྩྭ་སའི་ཕྱུགས་ལས་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་ལུགས་གསར་སྤེལ་བྱེད་པ་གཙོ་གནད་དུ་བཟུང་སྟེ། རྩྭ་ཕྱུགས་དོ་མཉམ་དང་རྩྭ་ས་སྲུང་སྐྱོབ། ཕྱུགས་ལས་ཀྱི་ཕན་འབྲས་འཕར་བ། མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། སྟོབས་ཤུགས་ཡོད་དགུས་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་ཀྱི་ངོ་བོ་བསྒྱུར་བ་དང་རིམ་པ་ཇེ་མཐོར་བཏང་།
མཚོ་སྔོན་ཞིང་ཆེན་ཞིང་ལས་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭའི་ཧི་ནན་ཡན་ལག་སློབ་གྲྭའི་སློབ་གཙོ་རྣམ་རྒྱལ་ཚེ་རིང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཧི་ནན་རྫོང་གིས་མཐའ་འཁོར་གྱི་ཁུལ་དང་རྫོང་གི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་ཞིང་ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་ཕྱུགས་ལས་དར་རྒྱས་གཏོང་རྒྱུ་དང་སྐྱེ་ལྡན་ཕྱུགས་ལས་ཤུགས་ཆེར་གཏོང་བའི་འཐབ་ཇུས་གཏན་འཁེལ་བྱས་པ་དང་། རྟེན་གཞིའི་ཐོན་ལས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་5བསྐྲུན་པ་དང་། སྲིད་འཛིན་སྡེ་བ39ཡི་ཐུན་མོང་དཔལ་འབྱོར་ལམ་ལུགས་སྒྱུར་བཅོས་དག་ཐེར་བྱ་བ་ལེགས་སྒྲུབ་བྱས།
ཧི་ནན་རྫོང་གི་དབུར་ཐར་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་དག་ལས་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་རྣམ་པ་ནི་ས་གནས་དེའི་ཅུང་ཁྱད་ཆོས་ལྡན་པའི་བྱེད་ཐབས་ཤིག་རེད། ཉེ་བའི་ལོ་འགའི་ནང་། ཧི་ནན་རྫོང་གིས་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བ་དང་། དམངས་ཀྱི་འཚོ་བ་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་བྱེད་བཞིན་འདུག
གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་གི་འགན་འཛིན་པ་དཔལ་ལྡན་རྡོ་རྗེ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
མཉམ་ལས་ཁང་འདིའི་ཕྱུགས་རྫི་སྐལ་བཟང་འཇིགས་མེད་ལ་མཚོན་ན་སྔོན་ཆད་ཁྱིམ་ཚང་གི་ཆ་རྐྱེན་སོགས་དེ་འདྲའི་བཟང་རྒྱུ་མེད་པས། མཉམ་ལས་ཁང་འདིའི་ནང་ཕྱུགས་རྫི་བྱེད་པར་ཡོང་བ་དང་། ད་ལྟ་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་དགུ་ལྷག་ལ་སླེབས་འདུག
ལམ་ལུང་སྡེ་བའི་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་རྗི་སྐལ་བཟང་འཇིགས་མེད་ལ་བཅར་འདྲི་བྱེད་བཞིན་པ།
ཧི་ནན་རྫོང་དུ་ཁེ་ལས་དང་མཉམ་ལས་ཁང་། དབུལ་ཁྱིམ་བཅས་ལྷན་དུ་བསྲེས་པའི་རྣམ་པ་ཅན་གྱི་མཉམ་ལས་ཁང་མང་པོ་ཡོད་དེ། ཧི་ནན་རྫོང་ཁུ་སིན་ཡུལ་ཚོ་རྒྱ་མཁར་སྡེ་བའི་ཐོ་ལས་སུམ་ནག་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་དེ་དག་གྲས་ཀྱི་གཅིག་རེད། མཉམ་ལས་ཁང་འདིས་དངུལ་རྭ་ལུག་གསོ་སྤེལ་ལ་བརྟེན་ནས་དབུལ་ཐར་ཁྱིམ་ཚང་དག་ཕྱིར་དབུལ་བོར་མི་འགྱུར་བ་དང་། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཚང་མ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་འདྲེན་རྒྱུ་ནི་ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་ཡིན་པ་རེད།
ཁུ་སིན་ཡུལ་ཚོ་རྒྱ་མཁར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བདེ་ལེགས་སྐྱབས་ཀྱིས་སྡེ་བའི་མཉམ་ལས་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཧི་ནན་རྫོང་གིས“ཐོན་ལས་འབྲེལ་ཐག་དང་རིན་ཐང་འབྲེལ་ཐག་ཇེ་ལེགས་སུ་གཏོང་བ་དང་། མཁོ་སྤྲོད་འབྲེལ་ཐག་གཏོད་པ”བཅས་ཀྱི་ལས་གཞི་ཆེན་པོ་གསུམ་ལ་དམིགས་ཏེ་ཤོ་དོ་ནོར་ནག་གི་ཐོན་ཁུངས་སྲུང་སྐྱོབ་རྣམ་གྲངས་དང་ནོར་ལུག་གི་ཐོན་ཁུངས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཧི་ནན་གྱི་སྣེ་འདྲེན་སྤུས་དག་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པ་སོགས་ཚོང་ལས་སྟེགས་བུ་བསྐྲུན་རྒྱུ་རྒྱ་སྐྱེད་བཏང་།
ཁུ་སིན་ཡུལ་ཚོ་རྒྱ་མཁར་སྡེ་བའི་མཉམ་ལས་ཁང་གི་སྤྱི་གཉེར་བ་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྤྱི་ལ་གནོད་པ་མེད་པ་དང་ལྗང་མདོག་ལྡན་པ། སྐྱེ་ལྡན་བཅས་ཡིན་པའི་ཕྱུགས་ལས་ཐོན་རྫས་འཛུགས་སྐྲུན་བྱེད་པར་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། རྨ་ཁུག་གི་རྟ་དང་ཤོ་དོའི་ནོར། དངུལ་རྭའི་ལུག་བཅས་ཕྱུགས་རྒྱུད་ཆེན་པོ་གསུམ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་མཛོད་དང་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་སུ་ཚུད་པར་བྱས་ལ། ཤྭ་བ་གསོ་སྤེལ་གྱི་ལས་གཞིར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ཕྱུགས་རིགས་གསོ་སྤེལ་གྱི་ལས་གཞི་བསྒྲུབས་ཤིང་སྐྱེ་ལྡན་གྱི་ཕྱུགས་ལས་འཕེལ་རྒྱས་གཏོང་བར་ནུས་ཤུགས་གང་ཡོད་བཏོན་པས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐོར་དང་པོ་དང་སྐོར་གཉིས་པའི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་དང་། སྐོར་གསུམ་པའི་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་རྟེན་གཞི། སྐྱེ་ལྡན་ཐོན་རྫས་ངོས་ལེན་དཔེ་སྟོན་ཁུལ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
གསེར་ལུང་ཡུལ་ཚོ་རྒྱ་མཁར་སྡེ་བའི་རྟ་རྫོང་ཤྭ་གསོ་ཆེད་ལས་མཉམ་ལས་ཁང་གི་འགན་འཛིན་པ་ཚེ་བརྟན་རྡོ་རྗེ་ལ་བཅར་འདྲི་བྱེད་བཞིན་པ།
ཉེ་བའི་ལོ་འགའི་ནང་། ཧི་ནན་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁང་གི་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་བ་དང་། ཧུར་ཐག་གིས་རྒྱུད་བཟང་ནོར་ལུག་དང་སྤུས་བཟང་གཟན་ཆས། བྱེད་ཐབས་ལེགས་པོ་བཅས་ཕྱོགས་བསྡུས་མཐུན་སྦྱོར་དང་ཁྱབ་སྤེལ་བྱས་ཏེ། ནོར་ནག་དང་བོད་ལུག་གི་ཐོན་སྐྱེད་ནུས་པ ་སྔར་ལས་ཇེ་མཐོར་བཏང་ཞིང་། ཕྱུགས་ལས་མཉམ་ལས་ཁང་བཙུགས་པར་བརྟེན་ནས་གནས་དེའི་འབྲོག་པ་མང་ཚོགས་རྣམས་འཚོ་བ་གསར་བའི་འབྱོར་ཕྱུག་གི་ལམ་དུ་ཁྲིད་བཞིན་མཆིས།
གསར་འགོད་པ། དབང་གྲགས་ཚེ་རིང་། ཨ་བརྟན་རྒྱལ།
ཤ་བོ་གསེར་མཚོ། རིག་འཛིན་ཐར།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།