ཟླ་དང་པོའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་གྲོང་སྡེ་དག་གཙང་འགུལ་སྐྱོད་ཀྱི་སྔོན་ཐོན་རྫོང་གོ་བརྒྱད་ཀྱི་མིང་བསྒྲགས་ཏེ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོང་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གཉིས་དེའི་ཁྲོད་ཚུད་ཡོད།
ཉིས་སྟོང་ཉེར་གཅིག་ལོར། མཚོ་སྔོན་ཞིང་ཆེན་གྱིས་འགྲིམ་འགྲུལ་ལམ་རྒྱུད་དང་གྲོང་སྡེའི་ཕྱི་ནང་། གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་སོགས་གཅིག་བསྡུས་བྱས་ཏེ་ནུས་ལྡན་བྱེད་ཐབས་སྤྱད་པ་དང་སྐུལ་འདེད་ཧུར་ཐག་བཏང་ལ། ཞིང་ཆེན་ཡོངས་ལ་ཁེབས་པའི་གྲོང་སྡེ་དག་གཙང་གི་དཔྱིད་དབྱར་དུས་ཚིགས་ཀྱི་འགུལ་སྐྱོད་སྤེལ་བ་དང་། ཡུན་ཕན་དག་གཙང་ནང་རྐྱེན་མུ་མཐུད་དུ་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བར་མ་ཟད། གྲོང་སྡེའི་རྣམ་པ་མཛེས་སྒྱུར་བྱས་ཏེ་གྲོང་སྡེའི་ཁོར་ཡུག་གཙང་ཞིང་གྲལ་དག་པ་ནས་མཛེས་སྡུག་ལྡན་ལ་སྡོད་ཁུལ་ལ་འཚམ་པའི་ཕྱོགས་སུ་མྱུར་དུ་སྐུལ་འདེད་བཏང་།
གུང་ཧོ་རྫོང་གིས་མཁའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་རྫོང་གསར་སྐྲུན་ཚོད་ལྟ་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་མཁར་འཛུགས་རྒྱུ་གོ་སྐབས་སུ་བརྩིས་ཏེ་ཡུལ་བབ་དང་བསྟུན་པ་དང་མ་ལག་བཅོས་སྐྱོང་། རྩ་ལག་མཉམ་བཅོས། མཁར་གྲོང་མཉམ་འགུལ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཁྱོན་ཡོངས་ལ་ཁེབས་པའི་དྲ་རྒྱ་ཅན་གྱི་དོ་དམ་མ་ལག་གྲུབ་པར་སྐུལ་འདེད་བཏང་སྟེ་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱས་པས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་།
མིན་ཡོང་རྫོང་གིས་མུ་མཐུད་དུ་གྲོང་སྡེ་དག་གཙང་འགུལ་སྐྱོད་སྤེལ་བ་དང་རྨང་གཞིའི་སྒྲིག་ཆས་ཇེ་དྲག་ཏུ་བཏང་ལ། ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་བཏང་བར་མ་ཟད། མཛེས་སྡུག་གྲོང་སྡེའི་གཞི་རྩ་དམ་པོར་བཟུང་བ་དང་གྲོང་སྡེའི་དག་གཙང་རྣམ་པར་སྲུང་སྐྱོབ་བྱེད་པ། དག་གཙང་མཛེས་སྡུག་གི་གྲོང་སྡེ་གསར་པ་ཧུར་ཐག་གིས་བསྐྲུན་ཏེ་རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།