ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ཤེས་ལྡན་མི་སྣ་བརྗེ་རེས་སྐྱེད་སྲིང་དང་རིག་ནུས་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་རྣམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོ་ནས་ན་གཞོན་ལས་བྱེད་པ་ལྔ་བཅུ་བདམས་ནས་ཚོགས་པ་ལྔ་བཙུགས་ཏེ། འབྲེལ་ཡོད་ཁུལ་དང་རྫོང་། སྡེ་ཁག ཁེ་ལས་བཅས་སུ་ལས་འཁུར་སྦྱོང་བརྡར་བྱེད་པར་མངགས།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྔོན་དུས་མི་སྣ་རྩ་འཛུགས་བྱས་ནས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་སོགས་ལས་ཁུངས་བདུན་ལ་སོང་ནས་མངག་གཏོང་དང་ལས་འཁུར་སྦྱོང་བརྡར་ཐད་ཀྱི་ཡིག་ཆར་རྒྱུས་ལོན་བྱས་པ་མ་ཟད། སྔ་གཞུག་ཏུ་ཐེངས་བཞི་ལ་འབྲེལ་ཡོད་ས་ཁུལ་གྱི་རྩ་འཛུགས་མི་དོན་སྡེ་ཁག་དང་གྲོས་མོལ་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་ཁུལ་དང་རྫོང་གི་ལས་འཁུར་སྦྱོང་བརྡར་ལས་བྱེད་པའི་གྲངས་ཀ་དང་ཆེད་ལས་མི་སྣའི་དགོས་མཁོ་ལ་མཐིལ་རྟོགས་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལས་འཁུར་སྦྱོང་བརྡར་ཐད་ཀྱི་ལས་རྐང་བཀོད་སྒྲིག་བྱེད་པར་སྟབས་བདེ་བསྐྲུན། དེ་དང་མཉམ་དུ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམིགས་ནས་ན་གཞོན་ལས་བྱེད་པ་གདམ་མངག་བྱས་ཏེ་ཚོགས་འཛུགས་རང་བཞིན་གྱི་ལས་འཁུར་སྦྱོང་བརྡར་བྱེད་པའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ནས། ཚོགས་འཛུགས་རང་བཞིན་གྱིས་ས་བཞི་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་ལྔ་ལ་སོ་སོར་ན་གཞོན་ལས་བྱེད་པ་བཅུ་གདམ་མངག་བྱེད་པ་དང་། ཚོགས་པ་རེ་རེར་ཚོགས་གཙོ་གཅིག་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། ལས་འཁུར་སྦྱོང་བརྡར་གྱི་དུས་ཡུན་ལོ་གཅིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། བསྟུད་མར་སྐོར་ཐེངས་ལྔར་བགོས་ནས་བསྡོམས་པས་ལས་བྱེད་པ་ཉིས་བརྒྱ་དང་ལྔ་བཅུ་གདམ་མངག་བྱས་ཏེ། ཚོགས་འཛུགས་ཀྱི་དགེ་མཚན་ལ་བརྟེན་ནས་ཞབས་ཞུའི་རྩོལ་ནུས་ཇེ་དྲག་ཏུ་གཏོང་རྒྱུ་གཏན་ཁེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཆབ་སྲིད་བྱང་ཚད་བཟང་ཞིང་འཕེལ་རྒྱས་ཀྱི་སྦས་ཤུགས་ཡོད་པའི་ན་གཞོན་ལས་བྱེད་པ་ལྔ་བཅུ་རྩ་འཛུགས་བྱས་ནས་ལས་འཁུར་སྦྱོང་བརྡར་བྱེད་པར་མངག་རྒྱུ་གཏན་ཁེལ་བྱས། གདམ་མངག་བྱས་པའི་ལས་བྱེད་པ་ལྔ་བཅུ་ཚང་མ་སློབ་ཆེན་དང་དེའི་ཡན་གྱི་བསླབ་གནས་ཡོད་པ་དང་། དེའི་ཁྲོད་ཞིབ་འཇུག་སློབ་མ་ཉེར་གཉིས་ཡོད་ལ། འོས་མིའི་ནང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན། ཕུལ་བྱུང་བསླབ་ཚན་གྱི་སྣེ་ཁྲིད་མི་སྣ་སོགས་འདུ་བ་དང་། འོས་མི་མང་པོར་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་མྱོང་། ཚོགས་པ་ལྔའི་ཁྲོད་ཀྱི་ཚོགས་པ་བཞི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་། ཁུལ་གྱི་ཐད་གཏོགས་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་སུ་སོང་ནས་ལས་འཁུར་སྦྱོང་བརྡར་བྱེད་རྒྱུ་རེད། ཚོགས་པ་གཅིག་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་། ཁུལ་གྱི་ཐད་གཏོགས་སྡེ་ཁག་དང་རྒྱལ་ཁབ་སྤྱི་གླིང་གི་ཁོངས་གཏོགས་ར་བའི་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དུ་སོང་ནས་ལས་འཁུར་སྦྱོང་བརྡར་བྱེད་རྒྱུ་རེད།
དང་ལེན་ས་ཁུལ་སོ་སོས་སྡེ་ཁག་རྩ་འཛུགས་བྱས་ནས་གཅིག་བསྡུས་སྒོས་རང་ས་ཁུལ་གྱི་ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པར་དུས་ཡུན་ཉིན་གཉིས་རིང་གི་ལས་འཁུར་སྔོན་གྱི་གསོ་སྦྱོང་སྤེལ་བཞིན་ཡིན་པ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་ཆེད་མཁས་པ་བཀོད་སྒྲིག་བྱས་ནས་ཆེད་དོན་འགུལ་སྐྱོད་ཇུས་གཞི་ལྔ་ལ་འགྲེལ་བཤད་བྱས་ལ། ཁུལ་གྱི་གནས་ཚུལ་སོགས་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་བྱས་ཏེ། ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པས་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་རོགས་རམ་བྱས། ལོ་གཅིག་རིང་གི་ལས་འཁུར་སྦྱོང་བརྡར་གྱི་དུས་ཚོད་ལོངས་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མངག་གཏོང་སྡེ་ཁག་དང་དང་ལེན་སྡེ་ཁག་དང་མཉམ་དུ་ལས་འཁུར་སྦྱོང་བརྡར་བྱས་པའི་ལས་བྱེད་པའི་བྱ་བའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་རྒྱུ་ཡིན་པ་དང་། གྲུབ་འབྲས་བཟང་བ་དང་ཆ་རྐྱེན་དང་མཐུན་པའི་ལས་བྱེད་པའི་གོ་གནས་སྤར་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།