མཚོ་སྔོན་གྱིས་ད་ལོར་མཁར་གྲོང་གི་མི་ཁྲི་དྲུག་གི་ལས་ཞུགས་ལ་འགན་སྲུང་བྱེད་རྒྱུ་རེད། 
2022.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་ཉེ་ལམ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག དུས་སྔོན་གྱི་འཆར་གཞི་ལས་བརྒལ་བའི་སྒོ་ནས་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གཏན་འཇགས་ཡོང་བ་ནས་ལས་ཞུགས་བཟང་བའི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། ད་ལོར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་ཞུགས་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བརྩི་བ་རྒྱུན་འཁྱོངས་བྱས་ནས་མཁར་གྲོང་གི་མི་ཁྲི་དྲུག་གི་ལས་ཞུགས་ལ་འགན་སྲུང་བྱེད་རྒྱུ་རེད། 

ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཆབ་སྲིད་འཛུགས་སྐྲུན་གཙོར་བཟུང་སྟེ་ལམ་ལུགས་མ་ལག་སྣ་བརྒྱད་འཐུས་ཚང་དུ་གཏོང་བ་དང་། བཅོས་བསྒྱུར་བྱེད་ཐབས་དྲུག་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། སྲིད་ཇུས་གལ་ཆེན་བཞི་དངོས་འབེབས་བྱེད་པ་དང་། ཞབས་ཞུ་སྣ་ལྔའི་འགུལ་སྐྱོད་སྤེལ་ནས་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་རྒྱུ་རེད། དེ་ལས་གཞན་མཁར་གྲོང་གི་མི་ཁྲི་དྲུག་གི་ལས་ཞུགས་ཁ་སྣོན་བྱས་ཏེ། རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་མི་ཐེངས་ས་ཡ་གཅིག་དང་ཁྲི་ལྔ་ལས་ཞུགས་བྱེད་དུ་འཇུག་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་པའི་ཚད་དང་ལས་ཤོར་རྟོག་དཔྱོད་ཀྱི་ཚད་སོ་སོར་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་དང་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་རྒྱུ་རེད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔའི་ཡན་ལ་བསླེབས་པར་བྱེད་རྒྱུ་དང་། མི་ཐེངས་འབུམ་གཅིག་གི་གསོ་སྦྱོང་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་ཚབ་དང་ལས་ཤོར་ཉེན་ཚབ། བྱ་བའི་རྨས་ཕོག་ཉེན་ཚབ་བཅས་ཀྱི་ཟབ་ཞུགས་མི་གྲངས་སོ་སོར་མི་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་གསུམ་དང་། མི་འབུམ་ལྔ་དང་ཁྲི་དྲུག མི་འབུམ་དགུ་དང་ཁྲི་བདུན་བཅས་ལ་བསླེབས་པར་བྱེད་རྒྱུ་རེད། ལོ་ཧྲིལ་བོར་ལས་དོན་སྡེ་ཁག་གི་གདན་ཞུ་མི་སྣ་སྟོང་གསུམ་ཡན་ལ་བསླེབསཔར་བྱེད་རྒྱུ་དང་། བར་འདུམ་བྱས་ཏེ་གྱོད་དོན་ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་ལྔར་བསླེབས་པར་བྱས་ནས། ལོ་ཧྲིལ་བོར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཞུ་གཏུག་གྱོད་དོན་ཐག་གཅོད་བྱས་ཚད་དང་ཞིང་བ་ལས་བཟོ་བའི་ཟླ་ཕོགས་ཆད་ལ་བཞག་པའི་ཞུ་གཏུག་གྱོད་དོན་ཐག་གཅོད་བྱས་ཚད་སོ་སོར་བརྒྱ་ཆའི་གོ་དྲུག་དང་བརྒྱ་ཆའི་གོ་བརྒྱད་ཡན་ལ་བསླེབས་པར་བྱེད་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།