མཚོ་སྔོན་ཞིང་ཆེན་ཁེ་ལས་ཆུང་འབྲིང་གི་འགྲན་རྩོད་སྔར་ལས་མཐོ་རུ་གཏོང་ཆེད་དང་། རང་ཞིང་གི་ཁེ་ལས་ཆུང་འབྲིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་འདེགས་བྱེད་ཆེད། ཉིས་སྟོང་ཉེར་གཅིག་ལོར། མཚོ་སྔོན་ཞིང་ཆེན་ཁེ་ལས་ཆུང་འབྲིང་གི་སྤྱི་བའི་ཞབས་ཞུའི་མནའ་འབྲེལ་ཁོངས་གཏོགས་ལས་ཁུངས་ཀྱིས་ཁེ་ལས་ཆུང་འབྲིང་གི་བདག་གཉེར་རྣམ་པར་དབྱེ་ཞིབ་དང་། སྤྱི་ཁོག་སྲིད་ཇུས་དང་ཐོན་ལས་འགྲེལ་ཀློག ཁེ་ལས་ཚུལ་སྒྱུར་རིམ་སྤོར་གྱི་དཀའ་གནད་གནད་དོན་དང་། མ་དངུལ་འཁོར་རྒྱུག་ཐབས་ལམ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གཅིག་བསྡུས་སློབ་ཁྲིད་དང་། དཔེ་གཞི་དབྱེ་ཞིབ། ཡུལ་དངོས་སློབ་ཁྲིད། བརྗེ་རེས་སྐུལ་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཁེ་ལས་ཆུང་འབྲིང་དང་ཞབས་ཞུ་ལས་ཁུངས་ལ་སློབ་སྦྱོང་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་ནས། ལོ་ཧྲིལ་བོར་ཁེ་ལས་ཆུང་འབྲིང་གི་གསོ་སྦྱོང་ཐེངས་སོ་བཞི་སྤེལ་བ་དང་། སྡོམ་པས་གསོ་སྦྱོང་ལ་ཞུགས་པའི་མི་གྲངས་སུམ་སྟོང་ལྔ་བརྒྱ་དང་དྲུག་ལ་བུད་པ་དང་། གསོ་སྦྱོང་ཁེ་ལས་ཉིས་སྟོང་བཞི་བརྒྱ་ཡོད། གསོ་སྦྱོང་སྤེལ་བ་ལས་རང་ཞིང་གི་ཁེ་ལས་ཆུང་འབྲིང་གིས་ཉེན་ཁ་འགོག་པ་དང་། ཐོན་རྫས་འགྲན་རྩོད་སོགས་ཀྱི་བདག་གཉེར་ནུས་པ་ཇེ་དྲག་ཏུ་བཏང་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་ཡོད།
གསོ་སྦྱོང་ལས་ཁུངས་སྟེ་མཚོ་སྔོན་སཱན་ཅང་དབྱི་ལི་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་འགན་ཁུར་མི་སྣ་ཁྲིན་ཀང་གིས་བཤད་རྒྱུར། ཞབས་ཞུ་མནའ་འབྲེལ་རྩ་འཛུགས་ཀྱི་གསོ་སྦྱོང་རྣམ་པ་ཕུན་སུམ་ཚོགས་ལ། སློབ་ཁྲིད་དགེ་རྒན་གྱི་ཆུ་ཚད་དང་རིམ་པ་མཐོ་བས། ང་ཚོ་ཁེ་ལས་ཆུང་འབྲིང་ལ་སྲིད་ཇུས་འགྲེལ་ཀློག་དང་། ཁྲོམ་ར་དབྱེ་ཞིབ། ས་གནས་གཏན་ཁེལ་སོགས་ཀྱི་རོགས་བྱས་པས་ཐོབ་ཆ་མང་པོ་ཞིག་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།