ད་ལོར་རང་ཞིང་གིས་དཔྱིད་འདེབས་སོན་བཟང་སྤྱི་རྒྱ་བྱེ་བ་གསུམ་ལྷག་དང་རྫས་འགྱུར་ལུད་ཏུན་འབུམ་གཅིག་ལྷག་གསོག་འཇོག་བྱས།
2022.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

 ན་ནིང་གི་དགུན་ཁའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ལ་དམིགས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེའི་བྱ་བའི་སྤྱིའི་བཀོད་སྒྲིག་ལྟར། ཞིང་ལས་ཀྱི་དུས་སྐབས་བཟང་བོ་དམ་འཛིན་དང་ཞིང་ལས་མཁོ་རྫས་གྲ་སྒྲིག ཞབས་ཞུའི་ནུས་པར་ཤུགས་སྣོན། གསོ་སྦྱོང་བྱ་བ་དམ་འཛིན་བྱས། མིག་སྔར་རིགས་སོ་སོའི་དཔྱིད་འདེབས་དངོས་རྫས་བཀོད་སྒྲིག་དང་གསོག་འཇོག་བྱས་པ་བཟང་ཞིང་འདེབས་འཛུགས་སྒྲིག་གཞི་ཕལ་ཆེར་བརྟན་འཇགས་ཡིན་པ་དང་། དཔྱིད་འདེབས་གྲ་སྒྲིག་ཐོན་སྐྱེད་གོ་རིམ་ལྡན་པར་ལག་བསྟར་བྱེད་ཀྱིན་ཡོད།

རང་ཞིང་གི་རིམ་པ་སོ་སོའི་ཞིང་ལས་དང་ཞིང་སྡེ་ལས་ཁུངས་ཀྱིས་དགོས་མཁོ་འགན་སྲུང་དང་མཁོ་འདོན་འགན་སྲུང་བྱེད་པར་རྐང་བཙུགས་ཏེ། ཞིང་ལས་མཁོ་རྫས་བཀོད་སྒྲིག་དང་གསོག་འཇོག་བྱེད་པར་ཤུགས་སྣོན་ཞིང་ཕྱིར་འཚོང་དྲ་ངོས་བཙུགས་པ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་དཔྱིད་འདེབས་ཐོན་སྐྱེད་འགན་སྲུང་བྱས། མིག་སྔའི་བར་དུ་རང་ཞིང་གིས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བཟོ་གྲྭ་སོ་སོའི་བར་རིགས་སོ་སོའི་རྫས་འགྱུར་ལུད་ཏུན་འབུམ་གཅིག་ལྷག་ཉོ་བའི་གྲོས་མཐུན་བཀོད་དེ། རིགས་སོ་སོའི་རྫས་འགྱུར་ལུད་ཏུན་ཁྲི་བདུན་དང་སྟོང་བདུན་ལྷག་དང་རིགས་སོ་སོའི་ཞིང་སྨན་ཏུན་སུམ་བརྒྱ་དང་གོ་བདུན་ལྷག་དོན་ཐོག་ཏུ་དངོས་འབེབས་བྱས་པས། ཤར་རྒྱུད་ཞིང་ལས་ས་ཁུལ་གྱི་དཔྱིད་འདེབས་ཐོན་སྐྱེད་ཀྱི་དུས་སྐབས་སྔོན་གྱི་དགོས་མཁོ་ཕལ་ཆེར་སྐོང་ཐུབ། དེ་དང་མཉམ་དུ་ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་སོ་སོའི་ཞིང་འདེབས་སོན་བཟང་སྤྱི་རྒྱ་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཅིག་ཁྲི་བཞི་ལྷག་གསོག་འཇོག་བྱས།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།