རང་ཞིང་གི་ས་ཆ་བཞི་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་མཚན་སྙན་ཐོབ།
2022.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དྲ་ཚིགས་ཀྱིས་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འདེམས་པའི་སྐོར་གྱི་བསྐྱར་ཞིབ་བརྡ་སྦྱོར་ཡོངས་བསྒྲགས་བྱས་པ་དང་། རང་ཞིང་གི་ས་ཆ་བཞི་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་མཚན་སྙན་ཐོབ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་གྲོང་རྡལ་ལ་ཞིབ་དཔྱད་དོ་དམ་བྱེད་ཐབས་དང་འབྲེལ་ཡོད་ཚད་གཞི་གཞིར་བཟུང་སྟེ། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་བསྐྱར་ཞིབ་བརྒྱུད་རིམ་ཁྲོད་ཚུད་པའི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་ལ་ཞིབ་དཔྱད་བྱས་པ་དང་། ས་གནས་སོ་སོ་ནས་སྤྲད་པའི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་བསྐྱར་ཞིབ་མཇུག་འབྲས་ལ་འདེམས་བཤེར་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་བཅས་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་མཚན་སྙན་ཐོབ།

འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་པའི་བྱ་བ་མགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་འཛུགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་བས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སྐྱེ་ཁམས་དང་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བཏང་ལ། གྲོང་ཁྱེར་གྲལ་དག་གོ་རིམ་ཡོད་པའི་ཕྱོགས་སུ་བསྐྱོད་པ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་བློ་བདེ་བག་ཕེབས་སུ་གྱུར།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།