ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་། རྒྱལ་ཡོངས་ཞིང་ལས་ཞིང་སྡེ་ཐིན་གྱི་ཅུའུ་ཀྲང་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུ་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབ་ནན་མོ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་སྤྱི་བསྡོམས་བྱས་པ་མ་ཟད། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ལས་ཞིང་སྡེ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་ཆེད་བྱས་རྗེས་འཇོག་དགོས།
ཉིས་སྟོང་ཉེར་གཅིག་ལོར་རང་ཞིང་གིས་ཞིང་ལས་དང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་ཞིང་། ཞིང་སྡེ་གཏན་སྡོད་ལས་གཉེར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ནི་བྱ་བ་སོ་སོའི་མགོ་རྩོམ་ས་དང་རྐང་འཛུགས་ས་ཡིན་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱས་པ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་གསར་འཕར་བྱུང་པ་མ་ཟད། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་། ས་ཞིང་གི་སྲུང་སྐྱོབ་ཤུགས་ཚད་ཇེ་རུ་བཏང་ཞིང་། འདེབས་འཛུགས་ལས་ཀའི་དར་སྤེལ་ཕྱོགས་ཡོངས་ནས་མགོ་བརྩམས། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་འབུར་དུ་ཐོན་ཞིང་། མི་སྡོད་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱས་ནས། ཞིང་སྡེ་བཅོས་སྐྱོང་བྱ་བར་རྣམ་པ་གསར་བ་ཞིག་བསྐྲུན་པར་མ་ཟད། ཞིང་སྡེ་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ཞིང་ལས་ཞིང་སྡེ་ཡི་རིགས་སོ་སོའི་བྱ་བ་ལ་སྤྱིའི་ཆ་ནས་བརྟན་འཇགས་ཁྲོད་འཕར་སྣོན་ཡོང་པ་དང་། བརྟན་འཇགས་ཁྲོད་སྤུས་ཀ་མཐོར་འདེགས་བྱུང་པ། བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་རྒྱས་སུ་སོང་པ་བཅས་ཀྱི་ཁྱད་ཆོས་ལྡན། བསྡོམས་རྩིས་བྱས་པར་གཞིགས་ན། ཐོན་ལས་དང་པོའི་འཕར་སྣོན་གྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ལ་སླེབས། ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་འཕར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་དེ་སྤྱིའི་ཐོན་རིན་གྱི་འཕར་ཚད་ལས་བརྒལ་ཡོད་ལ། ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཡོང་འབབ་དེ་མཁར་ཞང་གི་སྡོད་དམངས་ཀྱི་སྤྱིའི་ཡོང་འབབ་ཀྱི་འཕར་ཚད་ལས་བརྒལ་ཡོད། དབུལ་ཐར་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་འཕར་ཚད་དེ་ཞིང་སྡེ་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་ལས་བརྒལ་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་བཟང་བོར་ཚུགས་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཞིང་གི་ཞིང་འབྲོག་ལས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཐོན་སྐྱེད་རིམ་འཕར་གྱི་ཚད་དེ་བརྒྱ་ཆའི་བཞིའི་ཡན་དུ་སླེབས་སུ་འཇུག་པ་དང་། ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་བརྒྱ་ཆའི་བརྒྱད་ཀྱི་ཡན་དུ་སླེབས་སུ་བཅུག་ནས། འབྲུ་རིགས་འདེབས་འཛུགས་ཀྱི་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཉེར་དགུ་དང་གྲངས་ཆུང་དྲུག་གཉིས་ཡན་ལ་སླེབས་ནས། འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་དང་བདུན་གྱི་ཡན་ལ་སླེབས་པར་ཁག་ཐེག་བྱ་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།