ཉེ་ལམ། གསར་འགོད་པས་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར་རང་ཞིང་གིས་དམངས་ཡོངས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་འཆར་འགོད་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། ཉེན་ཚབ་ཁྲོད་ཞུགས་པའི་སྲིད་ཇུས་དྲིལ་སྒྲོག་བྱ་བར་གཙིགས་འཛིན་བྱས་པ་དང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དངུལ་སྤྲོད་ཞབས་ཞུ་ལ་འགན་སྲུང་བྱས་པས། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཉེན་ཚབ་ཁྲོད་མི་ས་ཡ་ལྔ་དང་འབུམ་དྲུག་ཁྲི་དྲུག་ལྷག་ཞུགས་ཤིང་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་ལྔ་དྲུག་ཡོངས་འགྲུབ་བྱས་པ་དང་། ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་བརྟན་འཇགས་སུ་བཏང་ལ། ཟི་ལིང་སོགས་ས་ཁུལ་གྱིས་ཉེན་ཚབ་ཁྲོད་ཞུགས་པའི་ལས་འགན་ལྷག་འགྲུབ་བྱས།
ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་ཇུས་འགོད་དང་གཏན་འབེབས་བྱས་ཏེ། མ་འོངས་པའི་ལོ་བཅུ་ལ་ཞིང་ཆེན་ཡོངས་སུ་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དམིགས་འབེན་བཏོན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འཆར་འགོད་ཐོག་མ་སྟེ་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་འཆར་འགོད་དངོས་སུ་འགྲེམ་སྤེལ་ལག་བསྟར་བྱས་ནས། མ་འོངས་པའི་ལོ་ལྔའི་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་འཕེལ་རྒྱས་ཐད་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས། རྒྱལ་ཡོངས་སུ་ཐོག་མར་སྨན་བཅོས་རྒུད་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རྒུད་སྐྱོབ་ཁྱབ་ཁོངས་དང་རྒུད་སྐྱོབ་སྲིད་ཇུས། ཐེབས་རྩའི་དོ་དམ། བདག་གཉེར་ལས་སྒྲུབ་ཞབས་ཞུ། ཆ་འཕྲིན་ཁོངས་གཏོགས་བཅས་གཅིག་གྱུར་ལྔ་མངོན་འགྱུར་བྱས་ལ། ཞིང་ཆེན་ཡོངས་སུ་གཅིག་གྱུར་ཡིན་པའི་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་ཉེན་ཚབ་དང་སྨན་བཅོས་རྒུད་སྐྱོབ་ལམ་ལུགས་ཁྱོན་ཡོངས་སུ་ཁེབས་པར་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།