
ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་དང་འཕྲལ་བསྟུན་མྱུར་སྐྱོབ་བྱ་བའི་སྟེང་དུ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ནས། འཕྲོད་བསྟེན་བདེ་ཐང་གི་བྱ་བ་གཙོ་བོའི་འཆར་འགོད་ལ་སྐུལ་སྤེལ་བྱེད་པའི་ཕྱོགས་སུ་མངོན་གསལ་གྱི་ཕན་འབྲས་ཐོབ། དེའི་ཁྲོད་དུ་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་ལ་ཤུགས་ཡོད་སྒོས་ནན་ཏན་གྱིས་སྐུལ་སྤེལ་བྱས་པའི་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་གི་ཆུ་ཚད་དེ་བརྒྱ་ཆའི་བཅོ་བརྒྱད་གྲངས་ཆུང་གསུམ་དགུ་རུ་འཕར་ནས། ཉིས་སྟོང་ཉི་ཤུ་ལོ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་ཐིག་བཞི་འཕར་འདུག ཞིང་ཆེན་ཡོངས་ཀྱི་མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་དོན་གསུམ་དང་གྲངས་ཆུང་དགུ་བདུན་ལ་མཐོར་འདེགས་བྱུང་ལ། བུད་མེད་སྦྲུམ་མ་དང་བྱིས་པ། ལོ་ལྔའི་མན་གྱི་བྱིས་པ་བཅས་ཤི་ཚད་སོ་སོར་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་དང་། བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་བཞི། བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་བཅས་སུ་མར་ཆག སྡོད་དམངས་ཧྲིལ་བོས་བདེ་ཐང་ལ་དོ་ཁུར་བྱས་ནས། བདེ་ཐང་གི་སྤྱི་ཚོགས་ཀྱི་མཁའ་དབུགས་ཉིན་རེར་ཇེ་ལེགས་སུ་འགྱུར་བཞིན་འདུག མི་དམངས་ཀྱིས་ནད་ལ་བཅོས་སྐྱོང་བྱེད་པ་གཙིགས་སུ་འཛིན་པ་ནས་རིམ་གྱིས་བདེ་ཐང་གཙིགས་སུ་འཛིན་པའི་ཕྱོགས་སུ་འཐབ་ཇུས་ཚུལ་སྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་བཏང་ནས། བདེ་ཐང་གཙོ་བོའི་ཚད་ཐིག་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བར་ཁྱད་ཇེ་ཆུང་དུ་ཕྱིན་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།