མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་དཔལ་འབྱོར་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།
2022.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐོན་སྐྱེད་མ་ལག་དང་འཁོར་རྒྱུག་མ་ལག   འཛད་སྤྱོད་མ་ལག་བཅས་ཐོག་མར་གྲུབ་པར་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།   དེ་སྔོན་མཚོ་སྔོན་ཞིང་ཆེན་གྱིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་འགུལ་སྐྱོད་ཇུས་གཞིའི་ནང་དུ་མཚོ་སྔོན་ཞིང་ཆེན་གྱིས་འཁོར་སྐྱོད་རྣམ་པའི་ཐོན་སྐྱེད་བྱེད་ཐབས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།   ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཐོན་ལས་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།   ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་སོགས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་སྦྲེལ་ལག་བདུན་ལ་དམ་དུ་དམིགས་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་འགུལ་སྐྱོད་སོགས་ཆེད་དོན་འགུལ་སྐྱོད་དགུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།

ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་ཆེད་མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འཁེལ་བྱས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་།    ཕྱོགས་ཡོངས་དང་གོ་རིམ་ཧྲིལ་བོར་ལྗང་མདོག་འཆར་འགོད་དང་ལྗང་མདོག་འཆར་གཞི  ལྗང་མདོག་དངུལ་གཏོང་།  ལྗང་མདོག་འཛུགས་སྐྲུན།  ལྗང་མདོག་ཐོན་སྐྱེད།  ལྗང་མདོག་འཁོར་རྒྱུག   ལྗང་མདོག་འཚོ་བ།  ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།   དཔལ་འབྱོར་སྦྲེལ་ཐག་ཧྲིལ་བོའི་ལྗང་མདོག་འཕེལ་རྒྱས་བླང་བྱ་གཏན་འཁེལ་གསལ་བོ་བྱས་ཏེ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་སྤེལ་བྱས།  དེ་མིན་ད་རུང་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག་གཏན་འཁེལ་བྱས་ཏེ་ལོ་མང་པོའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཆེས་གསར་པའི་སྲིད་ཇུས་ཡིག་ཆའི་དགོངས་དོག་སོགས་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།   སྲོལ་ཡིག་དེ་ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན་ལ།  དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རིམ་ཁྲོད་ཕྱིར་བཏོན་པའི་བཅའ་ཁྲིམས་སྲོལ་ཡིག་ཐོག་མ་ཡིན།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།