ཉེ་ལམ། གསར་འགོད་པས་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་ཅུའུ་ཀྲང་གྲོས་ཚོགས་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་ཁོངས་གཏོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རིག་གནས་གནས་སྐོར་ལས་རིགས་ལ་བརྡབ་གསིག་བཏང་བར་ཚན་རིག་དང་མཐུན་པར་ཁ་གཏད་འཇལ་ནས། ལོ་ཧྲིལ་བོར་གནས་སྐོར་བ་མི་ཐེངས་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བདུན་ཁྲི་གསུམ་ལྷག་ལ་སྣེ་ལེན་བྱས་པ་དང་། དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་འཕར་སྣོན་བྱུང་ཞིང་སྤྱིའི་ཡོང་སྒོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་དགུ་ལྷག་མངོན་འགྱུར་བྱས་པ་དང་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་ལྷག་འཕར་སྣོན་བྱུང་བས། སྐྱེ་ཁམས་དང་སྤུས་ཚད་མཐོ་བའི་རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཏུ་བསྐྱོད།
ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་ཁོངས་གཏོགས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིག་གནས་དང་གནས་སྐོར་འཕེལ་རྒྱས་འཆར་འགོད་དང་རྨ་ཙོང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་མཚོ་སྔོན་ཞིང་ཆེན་ཆེད་སྤྱོད་འཆར་འགོད། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད་སོགས་ཆེད་སྤྱོད་འཆར་འགོད་དགུ་གཏན་འཁེལ་བྱས་ཤིང་། ཧུར་ཐག་སྒོས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་ཡིན་པ་དང་ཐོན་ལས་བཀོད་སྒྲིག་ལུགས་མཐུན་ཡིན་པ། ཐོན་རྫས་མ་ལག་ཕུན་སུམ་ཚོགས་པ། ཞབས་ཞུའི་ཆུ་ཚད་མཐོ་བ། དོ་དམ་བདག་གཉེར་ཚན་རིག་དང་མཐུན་པ། ཕན་འབྲས་མངོན་གསལ་ཐོབ་པར་སྣེ་ཁྲིད་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱས། ཞིང་ཆེན་ཡོངས་སུ་ཀ་གསུམ་རིམ་པ་ཡན་གྱི་ལྗོངས་རྒྱུ་བྱེད་ས་སོ་གཉིས་དང་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་བྱེད་ས་གཙོ་བོའི་ཡུལ་ཚོ་དང་གྲོང་རྡལ་གསུམ། སྡེ་བ་ལྔ་བཅས་འཕར་སྣོན་བྱུང་བ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་སྡེ་བ་ཞེ་ལྔ་དང་གསར་བརྗེ་གནས་རྙིང་གནས་སྐོར་བྱེད་ས་ལྔ། གནས་སྐོར་སྤྲོ་སྐྱིད་སྲང་ལམ་བཅུ་བདུན། ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ས་ཁུལ་བཞི། གྲོང་གསེབ་གནས་སྐོར་སྣེ་ཁྲིད་མཁན་ཉི་ཤུ་ལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ།
བཀྲ་ཤིས་འབུམ་གྱིས་བསྒྱུར།