ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གཉིས་ལ་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་ཁྲོད་རྩིས་ལེན་ཐོབ་པ་དང་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དུ་ངོས་འཛིན་བྱས། ན་གོར་མོ་གྲོང་ཁྱེར་ལ་ཉིས་སྟོང་བདུན་ལོའི་ཟླ་དགུ་པ་ནས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་ནས་བསྟུད་མར་ཐེངས་བཞི་ལ་བསྐྱར་ཞིབ་ཁྲོད་རྩིས་ལེན་ཐོབ་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་བསྐྱར་ཞིབ་ཁྲོད་ཐེངས་དང་པོར་རྩིས་ལེན་ཐོབ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པའི་རྗེས་སུ་འཕྲོད་བསྟེན་གསར་འཛུགས་བྱ་བ་ཁྱོན་ཡོངས་ནས་སྤེལ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་འཕྲོད་བསྟེན་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་གྱི་སྤྱི་ཚོགས་འཕྲོད་བསྟེན་སྣ་འཛོམས་བཅོས་སྐྱོང་མུ་མཐུད་དུ་ཇེ་དྲག་ཏུ་བཏང་། གྲོང་བརྡལ་དང་ཡུལ་ཚོའི་ཁོར་ཡུག་འཕྲོད་བསྟེན་ཁྱོན་ཡོངས་ནས་ལེགས་བཅོས་གཏོང་བ་དང་། སྡོད་དམངས་ཀྱི་བདེ་ཐང་དང་དཔལ་ཡོན་འདུ་ཤེས་རིམ་བཞིན་མཐོར་འདེགས་བྱུང་ནས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་ཚོར་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་རྣམ་པ་བཟང་པོ་བསྐྲུན་ནས་མཚོ་ནུབ་ཁུལ་གྱིས་སྔར་ལས་མང་བའི་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་བརྡལ་གསར་འཛུགས་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་བཏོན།
མིག་སྔར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་བརྡལ་གྱི་བསྐྱར་ཞིབ་ལོ་གསུམ་རེར་ཐེངས་རེར་སྤེལ་བཞིན་ཡོད་པ་དང་བསྐྱར་ཞིབ་ཁྲོད་རྩིས་ལེན་ཐོབ་རྗེས་ཡང་བསྐྱར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་བརྡལ་དུ་ངོས་འཛིན་བྱེད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གསར་འཛུགས་ནི་གྲོང་ཁྱེར་ཞིག་གི་འཕྲོད་བསྟེན་ཆུ་ཚད་ལ་སྣ་འཛོམས་དཔྱད་འཇོག་བྱེད་པའི་ཆེས་མཐོའི་གཟི་བརྗིད་མཚན་སྙན་ཡིན་ལ། གྲོང་ཁྱེར་ཞིག་གི་སྣ་འཛོམས་བྱེད་ནུས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད།
མི་ཕམ་མགོན་པོས་བསྒྱུར།