རང་ཞིང་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་བཏང་སྟེ་དཔྱིད་དུས་ཀྱི་ཕྱུགས་ལས་གནོད་འགོག་གནོད་སྐྱོབ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས།
2022.02.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། རང་ཞིང་དུ་ཁངས་བབས་ཚད་ཅུང་མང་བས། ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་ཀྱི་ཕྱུགས་ལས་ཐད་ཀྱི་གནོད་འགོག་གནོད་སྐྱོབ་བྱ་བ་སྔར་ལས་དམ་འཛིན་བྱེད་ཆེད། ཉེ་སྔོན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ལས་ཐོན་སྐྱེད་ཐད་གནོད་སྐྱོབ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་བཏང་སྟེ། འབྲེལ་ཡོད་ས་ཁུལ་གྱི་གཟན་རྩྭ་སྐྱེལ་འདྲེན་དང་ཕྱུགས་ཁང་དྲོད་སྲུང་བསྒྱུར་བཀོད་སོགས་བྱ་བར་རྒྱབ་སྐྱོར་བྱས་ནས། གནོད་འགོག་གནོད་སྐྱོབ་ཐད་ཀྱི་གྲ་སྒྲིག་སྣ་ཚོགས་བཟང་པོར་བསྒྲུབ་པ་དང་། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཐད་ནས་གྲུབ་འབྲས་བཟང་པོ་ལེན་པར་ཁག་ཐེག་བྱས།

དཔྱིད་དུས་ཀྱི་ཐོན་སྐྱེད་ཐད་ཁྱོན་ཡོངས་ནས་འགན་སྲུང་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་དང་ལྷག་པར་དུ་ཡུས་ཧྲུའུ་དང་མགོ་ལོག་སོགས་གནོད་པ་ཐེབས་སླ་བའི་ས་ཁུལ་དུ། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གནོད་སྐྱོབ་གནོད་འགོག་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། རང་འགུལ་གྱིས་འཕྲལ་བསྟུན་དང་ནམ་ཟླ་སོགས་འབྲེལ་ཡོད་སྡེ་ཁག་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ། འཕྲལ་བསྟུན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ནམ་ཟླའི་ལྟ་ཞིབ་སྔོན་བརྡ་བྱ་བ་བཟང་པོར་བསྒྲུབ་པ། གནོད་འཚེའི་གནས་ཚུལ་གྱི་ཆ་འཕྲིན་བརྒྱུད་སྐྱེལ་ལ་ཤུགས་སྣོན་པ། མྱུར་དུ་གཟན་རྩྭ་སྐྱེལ་འདྲེན་དང་གསོག་འཇོག་བྱེད་པ། གནོད་ཐེབས་ས་ཁུལ་གྱི་གཟན་རྩྭ་དོ་མཉམ་མཁོ་འདོན་ལ་འགན་སྲུང་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་གཏན་འཇགས་ཡོང་བར་ཁག་ཐེག་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་གཟན་རྩྭ་ཏུན་འབུམ་གཉིས་དང་ཁྲི་དྲུག་སྟོང་གཅིག་སྐྱེལ་འདྲེན་བཀོད་སྒྲིག་བྱས།

དར་ལག་རྫོང་དང་དགའ་བདེ་རྫོང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་སོགས་སུ་ཁངས་འབབ་ཚད་ཅུང་མང་ཞིང་གནོད་པ་ཐེབས་སླ་བའི་ས་ཁུལ་ལ་ཁ་གཏད་དེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཆེད་དུ་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས། ཁངས་འབབ་ཚད་དང་ཕྱུགས་ལས་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་གནོད་འགོག་ཕྱུགས་སྲུང་བྱ་བར་བཀོད་སྒྲིག་བཟང་པོ་བྱས་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ཁང་དང་ཕྱུགས་རའི་སྒྲིག་ཆས་སྲ་བརྟན་དུ་གཏོང་བ་དང་གྲང་འགོག་དྲོད་སྲུང་། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་སོགས་ཀྱི་ལག་རྩལ་ཞབས་ཞུ་བྱ་བ་སྣ་ཚོགས་ལ་མཛུབ་སྟོན་བྱས།

གོ་རིམ་རྗེས་མར། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ནམ་ཟླར་དོ་སྣང་བྱེད་པ་དང་། འགོག་སྲུང་གཙོར་འཛིན་པ་དང་འགོག་རྒོལ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ནམ་ཟླའི་ལྟ་ཞིབ་སྔོན་བརྡར་ཤུགས་སྣོན་པ། གནོད་ཐེབས་གནས་ཚུལ་གྱི་ཆ་འཕྲིན་བརྒྱུད་སྐྱེལ་བྱ་བར་ཤུགས་སྣོན་པ། གཟན་རྩྭ་གསོག་འཇོག་བྱ་བ་དམ་འཛིན་བྱེད་པ། གཞི་རིམ་གྱི་གནོད་འགོག་གནོད་སྐྱོབ་ནུས་པ་མཐོར་འདེགས་བཏང་སྟེ། དཔྱིད་དུས་ཀྱི་ཕྱུགས་ལས་བདེ་ཐང་གཏན་འཇགས་ངང་་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།