ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་ནས་ཞིང་གསུམ་བྱ་བ་གཏན་འཇགས་འཕེལ་རྒྱས་སུ་གཏོང་བ་དང་ཚོགས་ཆེན་ཉི་ཤུ་བ་བདེ་བླག་ངང་བསྡུ་བར་བསུ་མ་བྱེད་པའི་སྒྲོག་འགྲེལ་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས། ཞིང་ཆེན་ཡོངས་སུ་འཐེན་སྐོང་བྱས་པའི་དྲིལ་སྒྲོག་ལས་བྱེད་པ་དག་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་དང་མཉམ་དུ་སྡེ་བ་དང་ཁྱིམ་ཚང་དུ་ཟབ་ཞུགས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དང་ཏང་གི་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དག་དམངས་ཕན་སྲིད་ཇུས་ལ་རྒྱུས་མངའ་ཡོད་པར་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་སྲིད་ཇུས་བཤད་པ་དང་ཞབས་ཞུ་སྐྱེལ་བ། དར་སྤེལ་ལ་སྐུལ་འདེད་གཏོང་བ། གཏན་འཇགས་ལ་འགན་སྲུང་བྱེད་པ་བཅས་ཕྱོགས་བཞི་གཙོར་བཟུང་ནས་སྤེལ་རྒྱུ་ཡིན་པ་དང་། ལྷག་པར་དུ་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པ་སོགས་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བའི་སྲིད་ཇུས་བྱེད་ཐབས་ཇི་མ་ཇི་བཞིན་དུ་སྒྲོག་འགྲེལ་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་པར་དམིགས་ནས་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་རྟོག་ཞིབ་བྱེད་པ་དང་རོང་འབྲོག་ཁུལ་གྱི་འགུལ་རྣམ་གསར་པར་རྒྱུས་ལོན་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་དགོས་མཁོར་ཤེས་རྟོགས་བྱས་ཏེ་ཏན་ཏན་ཏིག་ཏིག་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་རྒྱུ་མ་ཟད། ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་ཐོན་ལས་དར་སྤེལ་དང་རིག་གནས་དར་སྤེལ། འཇོན་མི་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་སོགས་ཕྱོགས་ཀྱི་ཉམས་ཞན་སར་དམིགས་ནས་གྲོང་གསེབ་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་གཅིག་སྡུད་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གོང་འོག་སྦྲེལ་མཐུད་བཟང་བོ་བྱེད་པར་རོགས་བྱས་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་སོ་སོའི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱ་རྒྱུ་རེད།
དེ་དང་མཉམ་དུ། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རོགས་བྱས་ནས་སྣེ་མང་ཅན་གྱི་ཕྱིར་གཏོང་ཐག་གཅོད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་དཔྱད་ཞིབ་དང་སྐབས་བསྟུན་ཐག་གཅོད་བྱ་བ་སྤེལ་བ་དང་། རིགས་སོ་སོའི་མ་དངུལ་དང་རྒྱུ་ནོར་དོ་དམ་བྱེད་ཐབས་གཏན་འཁེལ་བྱེད་པ། མཉམ་འགོག་མཉམ་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། རོང་འབྲོག་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱ་བའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་ཕྱུགས་ལས་ཐོན་ཚད་བརྟན་འཕར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བརྟན་པོའི་ངང་འཕར་བ། རོང་འབྲོག་ཁུལ་བརྟན་འཇགས་བདེ་འཇགས་ཡོང་བ་བཅས་ཀྱི་ཐད་བྱས་རྗེས་བཞག་སྟེ་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་བདེ་བླག་ངང་བསྡུ་བར་བསུ་མ་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ནས་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་བར་སྤེལ་རྒྱུ་རེད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཁྲིད་ཕྱོགས་ཡང་དག་བཟུང་སྟེ་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་ལ་བརྟེན་ནས་ཏང་གི་ཞིང་ཕན་སྲིད་ཇུས་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།