མཚོ་སྔོན་གྱི་རང་བྱུང་སློབ་གསོ་དེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་དུ་མཉམ་བསྲེས་བྱེད་རྒྱུ་རེད།
2022.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་ལམ། གསར་འགོད་པས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འགོ་འཛིན་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུན་ལོན་བྱུང་བ་ལྟར་ན། མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་གི་གཙོ་གཞི་ཡིན་པས་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚན་ཆུང་གི་འགོ་ཁྲིད་འོག འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལག་རྩལ་ཚད་གཞི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་མཉམ་དུ་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་རང་བྱུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་རྩ་གནད་ལེགས་སྒྲིག་བྱས་ནས་ཡོངས་འགྲུབ་བྱས།

མཛུབ་སྟོན་བསམ་འཆར་ལས། ནགས་རྩྭ་དང་སློབ་གསོ། ཁོར་སྲུང་། ཞིང་ལས། ཚན་རྩལ། རིག་གནས་གནས་སྐོར། གུང་གཞོན་ཚོགས་པ་སོགས་ལས་ཁུངས་ཞུགས་པའི་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ་ཁྲིད་སྟོན་བྱེད་པ་དང་། རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས། བརླན་སའི་ཁོར་ཡུག་སོགས་ཐོན་ཁུངས་བེད་སྤྱད་དེ་རང་བྱུང་སློབ་གསོའི་བྱ་འགུལ་སྤེལ་བ་དམིགས་འབེན་དུ་བཟུང་སྟེ། སློབ་མ་དང་ཁྱིམ་བདག སྤྱི་ཚོགས་ཡོངས་ཀྱིས་མང་ཚོགས་ལ་དམིགས་ཤིང་། ཧུར་ཐག་སྒོས་གོ་རིམ་ཅན་དང་ཆེད་ལས་ཅན། མང་ཚོགས་ཅན། སྣ་མང་ཅན་གྱི་རང་བྱུང་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ཁུལ་ཁོངས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་དང་སྤྱི་ཚོགས་ཀྱི་དོན་དངོས་དང་མཐུན་པའི་རང་བྱུང་སློབ་གསོའི་རྣམ་པ་འཛུགས་པར་འཚོལ་ཞིབ་བྱེད་པར་མ་ཟད། རང་བྱུང་སློབ་གསོའི་ཆེད་མཁས་པའི་ཚོགས་པ་དང་དང་བླངས་མཁན་གྱི་དཔུངས་སྡེ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། སྤུས་ཚད་ལེགས་པའི་བསླབ་གཞི་ལ་ཞིབ་འཇུག་འགྲེམ་སྤེལ་བྱས་ནས། དགོས་ངེས་ཀྱི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་སྦྱོར་བྱེད་དགོས། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ད་ཡོད་དྲིལ་སྒྲོག་རྟེན་གཞི་ས་ཁུལ་དང་བརླན་སའི་སློབ་གྲྭ་གཉིས་ཀྱི་རྨང་གཞིའི་སྟེང། རང་ཞིང་དུ་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་རྒྱ་འཛུགས་དགོས་པ་དང་། ཉིས་སྟོང་སུམ་ཅུའི་བར་དུ་སྒྲིག་སྲོལ་རྐྱེན་གསར་སྐྲུན་བྱས་པ་བརྒྱུད་དེ། བལྟོས་བཅས་སྒོས་ཆ་ཚང་ཡིན་པའི་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་མ་ལག་བཙུགས་ཏེ། རང་བྱུང་སློབ་གསོ་དེ་རང་ཞིང་གི་སྐྱེ་ཁམས་རིག་གནས་མིང་གྲགས་ཅན་ཞིག་ཏུ་སྐྱེད་སྲིང་བྱས་ནས། རང་བྱུང་སློབ་གསོ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་དོན།

སློབ་གསོ་བྱ་བའི་རྩ་གནད་ལས། གཞི་རྩའི་བསམ་ཕྱོགས་དང་གཞི་རྩའི་རྩ་དོན། གནད་སའི་བྱ་བ། འགན་སྲུང་གྲོས་གཞི་སོགས་ཕྱོགས་སུ་རང་ཞིང་གི་རང་བྱུང་སློབ་གསོའི་འཕེལ་རྒྱས་ཐད་ལ་ཚད་ལྡན་རེ་བ་བཏོན་ཡོད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་བསམ་འཆར་དང་སློབ་གསོའི་བྱ་བའི་རྩ་གནད་དངོས་སུ་འགྲེམ་སྤེལ་བྱས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།