ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་གཏན་འཇགས་སུ་གཏོང་རྒྱུ་དེ་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལ་ཕན་འདོགས་པའི་བཟོ་སྐྲུན་གལ་ཆེན་དུ་བརྩིས་ནས། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལ་ཤུགས་བསྣན་པ་དང་། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཚོང་རས་ལས་ཞུགས་ལ་ལེགས་སྒྲིག་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། བརྟན་བརླིང་ངང་ལས་ཞུགས་ཤོངས་ཚད་རྒྱ་སྐྱེད་པ་དང་ལས་ཞུགས་ལས་སྐྲུན་སྤུས་ཚད་མཐོར་འདེགས་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་སྒུལ་ནུས་གསར་བ་བསྣན།
མཚོ་ནུབ་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལས་ཞུགས་ལ་སྣེ་ཁྲིད་བྱེད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། སྔར་ལས་ཆ་ཚང་བ་དང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཕན་པའི་སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཁེ་ལས་ཀྱིས་ལས་རྐང་གཏན་འཇགས་སུ་གཏོང་བའི་རྒྱབ་སྐྱོར་མ་ལག་བཙུགས་པ་དང་། ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་སྣུམ་རླངས་རྫས་འགྱུར་བཟོ་ལས། ནུས་ཁུངས་གསར་བ། རྒྱུ་ཆས་གསར་བ། སྐྱེ་ཁམས་རིག་གནས་གནས་སྐོར་སོགས་རྒྱུན་བསྲིང་ཐོན་ལས་མུ་ཐག་ལ་སྣེ་ཁྲིད་བྱས་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་འཁྱགས་ཟས་མུ་ཐག་དངོས་སྐྱེལ། གུང་གསེང་ལྗོངས་རྒྱུ་སོགས་ཐོན་ལས་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ལས་ཞུགས་ལམ་བུ་རྒྱ་སྐྱེད་དེ། ལས་ཞུགས་ཤོངས་ཚད་ཇེ་ཆེར་བཏང་། ཞག་སྡོད་བཟའ་བཏུང་དང་རྒན་གསོ་མངགས་སྐྱོང་སོགས་ཞབས་ཞུ་ལས་རིགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་བ་དང་། དམངས་གཉེར་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ལས་ཞུགས་ཁྲོད་ཞུགས་པའི་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་།
ལས་སྐྲུན་གྱིས་ལས་ཞུགས་ལ་སྣེ་ཁྲིད་པར་སྐུལ་འདེད་བཏང་བ་དང་། སྲིད་གཞུང་གིས་ལས་སྐྲུན་ལ་སྐུལ་འདེད་གཏོང་བའི་མ་ལག་བཙུགས་ལ། སྤྱི་ཚོགས་ཀྱིས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྟེགས་བུ་བཙུགས་ཤིང་། ལས་སྐྲུན་རང་བཞིན་གྱི་གྲོང་གསེབ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ལ། གྲོང་གསེབ་དར་སྤེལ་ཐད་ན་གཞོན་གྱི་བྱས་རྗེས་འཇོག་པའི་འགུལ་སྐྱོད་ལག་བསྟར་་དང་རིགས་མི་འདྲ་བའི་ལས་སྐྲུན་སྟེགས་བུ་འཕེལ་རྒྱས་སུ་བཏང་བ་དང་། ན་གཞོན་ལས་སྐྲུན་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པའི་གསོ་སྦྱོང་དང་ན་གཞོན་གློག་ཚོང་སྐྱེད་སྲིང་སོགས་རྒྱ་ཆེར་སྤེལ་ནས། ལས་སྐྲུན་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས།
དེ་དང་མཉམ་དུ། ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་བརྒྱུད་དེ་ལས་ཞུགས་གཏན་འཇགས་སུ་གཏོང་བར་སྐུལ་འདེད་བཏང་། ལས་ཞུགས་སྤྱི་ཐུན་ཞབས་ཞུའི་མ་ལག་དང་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་རྐྱེན་སྲོལ། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྤྱི་ཐུན་ལས་ཞུགས་ལས་སྐྲུན་གྱི་སྟེགས་བུའི་ཞབས་ཞུ་རྩོལ་ནུས་མཐོར་འདེགས་བཏང་། ལས་རིགས་སློབ་གླིང་དང་མཚོ་ནུབ་ཁུལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྦྱོང་། ངལ་རྩོལ་དཔེ་ལེགས་ཅན་གྱི་གསར་གཏོད་བྱ་བའི་ཁང་སོགས་སྟེགས་བུའི་ཞབས་ཞུའི་ལས་ཞུགས་རྩོལ་ནུས་ཇེ་དྲག་ཏུ་བཏང་སྟེ། མཚོ་ནུབ་ཀྱི་ཐོན་ལས་འཕེལ་རྒྱས་དང་མཐུན་པའི་བཟོ་སྐྲུན་པའི་ལག་རྩལ་ཤེས་ལྡན་མི་སྣ་དང་ཐོན་ལས་བཟོ་བའི་དཔུང་སྡེ་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཞོར་དུ། ལས་ཞུགས་ལ་བརྟེན་ནས་དམངས་ཚིས་ལེགས་བསྒྱུར་བྱས།
རིན་ཆེན་མཚོས་བསྒྱུར།